གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒོར་གཱན་གྱི་ཚོང་པ་ཚུ་ ཨུ་ར་སྒོར་གཱན་གཞུང་ལམ་བསྒྲུབ་ནི་ལུ་ བསྒུག་དོ་ཡོདཔ།

སྒོར་གཱན་གྱི་ཚོང་ཁང་ཚུ།
 ༩/༧/༢༠༡༢། ༉ ད་རེས་ནངས་པར་ རྒྱལ་ཁབ་གོང་འཕེལ་གྱི་འགྱུར་བ་དང་འཁྲིལ་ གྲོང་གསེབ་ཚུ་ནང་ སོ་ནམ་ཞིང་ལམ་ཚུ་སེལ་དོ་ཡོད་མི་གིས་ མི་སེར་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་དོ་ཡོདཔ་ཨིན་རུང་ གཞུང་ལམ་བདའ་སྟེ་ ཚོང་འབྲེལ་འཐབ་སྡོད་མི་ཚོང་པ་ཚུ་གིས་ ཧེ་མ་བཟུམ་སྦེ་ འོང་འབབ་བཟོ་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
དེ་ཡང་ ལྷུན་རྩེ་འགྱོ་སའི་ གཞུང་ལམ་ཁར་ཡོད་པའི་ ས་གནས་སྒོར་གཱན་ལུ་ ལོ་༣༠ དེ་ཅིག་གི་ཧེ་མ་ལས་ ཚོང་རྐྱབ་སྡོད་མི་ཚོང་པ་ཚུ་གིས་ ཀུན་གསལ་ལུ་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ གྲོང་གསེབ་ནང་སྡོད་མི་ཚུ་གིས་མ་ཚད་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ནང་སྡོད་མི་ཚུ་གིས་ཡང་ ཚོང་ཉོ་བར་ ས་གནས་དེ་ཁར་འོང་ནི་ཡོདཔ་ཨིན་རུང་ ད་རེས་ནངས་པར་ རྒེད་འོག་དེ་ནང་གི་ མི་སེར་ཚུ་ཡང་ རེ་གཉིས་ལས་བརྒལ་ འོང་ནི་མིན་འདུག་ཟེར་ཨིན་པས།
ཞི་གཡོག་ནང་ལས་ དགོངས་ཞུ་འབད་དེ་ ས་གནས་དེ་ཁར་ཚོང་བཙོང་སྡོད་མི་ སྐྱེས་ལོ་༥༧ ལང་མི་ སྐལ་བཟང་སྟོབས་རྒྱས་ཀྱིས་སླབ་མིའི་ནང་ ད་རེས་ཀྱི་གནས་སྟངས་ནང་ ས་གནས་དེ་ཁར་ ཚོང་ཉོ་བར་འོང་མི་མེད་མི་དེ་ཡང་ གྲོང་གསེབ་ཚུ་ནང་ འགྲུལ་འཁོར་ལམ་ ལྷོད་མི་ལུ་བརྟེན་ཏེ་ཨིན་པས་ཟེར་སླབ་ཅི།
ཁོ་གི་ཉམས་མྱོང་ལུ་གཞི་བཞག་སྟེ་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་དང་ ད་ལྟོའི་བར་ན་ ཚོང་འབྲེལ་འཐབ་ནིའི་ནང་ ཁྱད་པར་སྦོམ་བཞུགས་ནུག་ཟེར་ཨིནམ་ད་ ཁོ་གི་ཚོང་ཁང་དེ་ སྒོར་གཱན་གྱི་ ཚོང་ཁང་གཞན་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་འབདཝ་ལས་ རྒེད་འོག་ཚུ་ནང་ཡོད་པའི་ ཚོང་ཁང་ཚུ་གི་དོན་ལུ་ ཚོང་བཀྲམ་སྤེལ་ཡང་ འབད་དོ་ཡོདཔ་ལས་ ཉིནམ་རེ་ལུ་ འོང་འབབ་ཉུང་ཤོས་ དངུལ་ཀྲམ་༥,༠༠༠ དེ་རེ་བཟོ་ཚུགས་དོ་ཡོདཔ་ཨིན་པས།
དེ་ཡང་ རྒེད་འོག་དང་ གྲོབ་གསེབ་ཚུ་ནང་ སོ་ནམ་ཞིང་ལམ་བཏོན་ཡོདཔ་ལས་ ཚོང་འབྲེལ་ལུ་བར་ཆད་ཡོད་རུང་ སྨད་འཚོ་རྒེད་འོག་དང་ རྒྱ་རས་རྒེད་འོག་ ཝམ་བུར་ བཙན་མཁར་གཡུས་ཚན་གྱི་ ཞི་གཡོགཔ་ལ་ལུ་ཅིག་གིས་ གྲོང་གསེབ་ཀྱི་ ཚོང་ཁང་ཚུ་ལས་ ཐོབ་མ་ཚུགས་མི་ཅ་ཆས་ཚུ་ཉོ་བར་ ཁོ་གི་ཚོང་ཁང་ནང་འོངམ་མས་ཟེར་ སྐལ་བཟང་སྟོབས་རྒྱས་ཀྱིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ མ་གཞི་ ཧེ་མ་བཟུམ་སྦེ་ འོང་འབབ་ལེགས་ཤོམ་བཟོ་མ་ཚུགས་རུང་ རང་གི་རང་ལངམ་སྦེ་ སྡོད་ཚུགས་ནི་དེ་གིས་ སེམས་དགའ་བས་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༣༧ ལང་མི་ཚོང་པ་ ཕུན་ཚོགས་དབང་མོ་གིས་སླབ་མིའི་ནང་ མོ་གིས་ སྒོར་གཱན་ལུ་ཚོང་རྐྱབ་སྟེ་ ལོ་༡༢ དེ་ཅིག་ལང་མིའི་ ཉམས་མྱོང་ལས་དཔྱད་རུང་ ཧེ་མ་དང་ཕྱདཔ་ད་ ཚོང་མགྲོན་པའི་གྱངས་ཁ་དེ་ ལོག་ལྟབས་ཀྱིས་ མར་འབབ་སོང་ཡི་ཟེར་ཨིནམ་ད་ ད་རེས་ནངས་པར་ མོ་གིས་བཟའ་འཐུང་གི་རིགས་ དུམ་གྲ་རེ་ལས་བརྒལ་ བཙོང་མི་ཚུགས་དོ་ཡོདཔ་ལས་ ཉིནམ་༡ ལུ་ འོང་འབབ་དངུལ་ཀྲམས་༥༠༠ འཐོབ་ནི་ལུ་ཡང་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
ཨིན་རུང་ མོ་གིས་འབད་བ་ཅིན་ བུམ་ཐང་ཨུ་ར་ཤིང་མཁར་ལས་ སྒོར་གཱན་ལུ་ལྟ་སྟེ་ གཞུང་ལམ་བསེལ་བའི་བསྒང་ཡོདཔ་ལས་ གཞུང་ལམ་དེ་ བསེལ་ཚལ་བའི་བསྒང་ལས་ ཚོང་མགྲོན་པ་ཚུ་ ལེ་ཤ་འོང་ནི་ལུ་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
སྒོར་གཱན་ལུ་ ཚོང་གི་ཆོག་ཐམ་འཆང་མི་ ཚོང་པ་༨ དེ་ཅིག་ཡོདཔ་ཨིན་རུང་ ད་རེས་ཚོང་བཙོང་མི་ ཚོང་ཁང་༣ དེ་ཅིག་ལས་བརྒལ་མེདཔ་ད་ གཞན་ཚུ་ སྒོ་བསྡམ་བཞག་ཡོདཔ་ཨིན་པས།
སྒོར་གཱན་ལས་ ལྷུན་རྩེ་རྫོང་ནང་ལྷོད་ནི་ལུ་ ཀི་ལོ་མི་ཊར་༢༧ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment