གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་མཆོག་ལས་ དབང་འདུས་ཕོ་བྲང་རྫོང་གསར་བཞེངས་ཀྱི་དོན་ལུ་ མ་དངུལ་ས་ཡ་༢༠༠ གནང་ཡོདཔ།

 ༡༤/༧/༢༠༡༢། ༉ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ མ་ཆེན་ལྷ་ཁང་གི་ མ་ཆེན་སྐུ་མདུན་ལུ་ ཡོངས་གྲགས་ལུ་ དབང་འདུས་ཕོ་བྲང་རྫོང་ཟེར་ཞུ་མི་ འབྲུག་ཁམས་གསུམ་དབང་འདུས་ཆོས་ཀྱི་ཕོ་བྲང་དེ་ ལོག་གསར་བཞེངས་ཀྱི་དོན་ལུ་ འབྲུག་མི་ཡོངས་ཀྱི་ཁ་ཐུག་ལས་ མ་དངུལ་ས་ཡ་༢༠༠ གནང་བའི་ བཀའ་ཤོག་ཅིག་གནང་ཡི།
བཀའ་ཤོག་དེ་ཡང་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་དང་ དབྱངས་པའི་སློབ་དཔོན་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་ འབྲུག་གི་བསྟན་སྲུང་དམག་སྡེའི་གཙོ་འཛིན་ གུང་བློན་འོག་མ་ བ་ཀྲོ་ཚེ་རིང་ སྐུ་སྲུང་དམག་སྡེའི་བཀོད་དཔོན་ གུང་བློན་འོག་མ་ དོན་གྲུབ་ཚེ་རིང་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་ངོ་ཚབ་ དམག་སྲིད་ཚེ་དབང་དོན་གྲུབ་ དབང་འདུས་ཕོ་བྲང་གི་ རྫོང་བདག་ ལྷུན་གྲུབ་དབང་ཕྱུག་ཚུ་ འཛོམས་ཐོག་ལུ་ མི་དབང་མངའ་ཞབས་མཆོག་གིས་ དབང་འདུས་ཕོ་བྲང་རབ་སྡེའི་ བླམ་གནས་བརྟན་ལུ་གནང་ཡི། (བཀའ་ཤོག་གཟིགས་གནང་)
སྤྱི་ལོ་༡༦༣༨ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ བཞེངས་གནང་མི་ དབང་འདུས་ཕོ་བྲང་རྫོང་དེ་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ མེ་མཆོད་བཞེས་ཏེ་ ཐལ་བར་བརླགས་བཏང་ཡོད་རུང་ ནང་རྟེན་བྱིན་ཅན་མང་ཤོས་ཅིག་ར་ ཉེན་སྐྱོབ་འབད་ཚུགས་ཡོདཔ་ད་ མེ་རྐྱེན་དེ་ གློག་མེ་ལུ་བརྟེན་ བྱུང་ཡོད་པའི་ ངོས་འཛིན་བྱུང་ནུག།
འབྲུག་པའི་མི་སེར་ཡོངས་ཀྱི་ མགྲིན་ཚབ་ལུ་ མ་དངུལ་གྱི་ བཀའ་ཤོག་གནང་པའི་ཤུལ་ལུ་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ མ་ཆེན་སྐུ་མདུན་ལུ་ མི་སེར་ལུ་ ཕན་བདེ་དང་ དགའ་སྐྱིད་འབྱུང་ཐབས་ལུ་ ཐུགས་སྨོན་ཚུ་གནང་ཡི།
དེ་གི་ཧེ་མར་ སྤྱི་ཟླ་༧ པའི་ཚེས་༩ དང་༡༠ ལུ་ མི་དབང་མངའ་ཞབས་མཆོག་གིས་ ཧཱ་རྫོང་ཁག་ སྟག་ཆུ་དགོན་པ་དང་ ཡང་སྟོན་དགོན་པ་ དེ་ལས་ སྤ་རོ་སྤང་སྦིས་ས་ལྷ་ཁང་གསུུམ་ ལོག་གསར་བཞེངས་ཀྱི་དོན་ལུ་ དངུལ་ཀྲམ་ས་ཡ་༥ རེ་ གནང་ཡོདཔ་ད་ མི་དབང་མཆོག་གིས་ ལྷ་ཁང་དགོན་སྡེ་༣ ས་གནས་ཀྱི་ མི་སྡེ་ཚུ་དང་ རྒྱལ་ཁབ་ཀྱི་ ཞི་བདེ་དང་ དགའ་སྐྱིད་ཀྱི་དོན་ལུ་ ཉམས་སྲུང་འབད་དགོཔ་ ག་ནི་བ་ གལ་ཆེ་ཟེར་ ནན་བསྐྱར་དུ་ གསུངས་གནང་ནུག།
མ་དངུལ་དང་ ལོག་གསར་བཞེངས་ཀྱི་ ལས་སྣ་ཚུ་ མི་སྡེའི་འགོ་ཁྲིདཔ་དང་ ལྷ་ཁང་གི་བླམ་ཚུ་གིས་ བདག་སྐྱོང་ཐོག་ལུ་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།





No comments:

Post a Comment