གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་ཁང་གིས་ མི་རྩིས་ཀྱི་དཀའ་ངལ་ལུ་ གསུང་གྲོས་གནང་ཡོདཔ།

༩/༧/༢༠༡༢། ༉ འདས་པའི་བདུན་ཕྲག་གི་ རྒྱལ་ཡོངས་ཚོགས་འདུའི་ དྲི་བཀོད་ཀྱི་ལས་རིམ་ནང་ དགེ་ལེགས་ཕུག་འཐུས་མི་ པེ་རེམ་ཀུ་མར་ གུ་རུང་གིས་ ན་ཧིང་ ཚོགས་ཐེངས་༨ པའི་སྐབས་ ནང་སྲིད་བློན་པོ་གིས་ མི་རྩིས་དང་འབྲེལ་བའི་ དཀའ་ངལ་ཡོད་པའི་ རྫོང་ཁག་ཚུ་ནང་ དཀའ་ངལ་སེལ་ཐབས་ཀྱི་ ལས་རིམ་ཚུ་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཡུན་ ཟླཝ་༣ དེ་ཅིག་ནང་ ལཱ་ཚུ་མཇུག་བསྡུ་སྟེ་ གཞུང་ལུ་ སྙན་ཞུ་ཕུལ་ནི་སྦེ་ཡོདཔ་ལས་ ད་རེས་ ལཱ་དེ་གི་གནས་ཚད་ཚུ་ ག་ཅི་བཟུམ་ཅིག་ནང་ལྷོད་ཡོདཔ་ཨིན་ནའི་སྐོར་ལས་གསལ་བཤད་འབད་དགོཔ་སྦེ་ཞུ་ཡི།
ཁོ་གིས་འབད་བ་ཅིན་ མི་རྩིས་ཀྱི་དཀའ་ངལ་ལུ་བརྟེན་ མི་སེར་ལེ་ཤ་ཅིག་ལུ་ བྱ་སྟབས་མ་བདེཝ་ཚུ་ ཐོན་དོ་ཡོདཔ་ད་ དམིགས་བསལ་གྱི་ ཕྱི་རྒྱལ་ལུ་ སྨན་བཅོས་འབད་བར་འགྱོ་མི་ནདཔ་དང་ དཔེ་ཆ་ལྷབ་པ་འགྱོ་མི་ སློབ་ཕྲུག་ཚུ་ལུ་ དཀའ་ངལ་བྱུང་མི་གིས་མ་ཚད་ རྒྱལ་ཁབ་ནང་འཁོད་ལུ་འབད་རུང་ མི་ཚུ་གིས་ ཐ་ན་ རང་སོའི་ ཚོང་གི་ལག་ཁྱེར་ཚུ་ཡང་ བསྐྱར་གསོ་འབད་མ་ཚུགས་པར་ དཀའ་ངལ་བྱུང་སྟེ་འདུག་ཟེར་ཞུ་ཡི།
དེ་གི་ལན་ལུ་ ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ མི་རྩིས་འཛགས་ལུས་ཤོར་མི་དང་ མི་རྩིས་ཀྱི་ གནས་ཚད་ཡར་སེང་ རྒྱལ་ཁབ་ནང་ལས་བྱོག་སོང་མི་དང་ ཁས་བླངས་ཐོག་ རྒྱལ་ཁབ་སྤང་སྟེ་སོང་མི་ཚུ་འབདཝ་ད་ དབྱེ་ཁག་༤ འི་ཐོག་ལུ་ལཱ་ཚུ་ འབད་བའི་བསྒང་ར་ཡོད་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ ཁས་བླངས་ཐོག་ རྒྱལ་ཁབ་སྤང་སོང་མི་ཚུ་གི་སྐོར་ལས་མ་གཏོགས་ གཞན་མི་དབྱེ་ཁག་ཚུ་གི་ལཱ་མཇུག་བསྡུ་ཡོདཔ་ད་ ད་ལྟོ་འབད་བའི་བསྒང་ཡོད་མི་ཚུ་ཡང་ དུས་ཅི་ སྤྱི་ཟླ་༨ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཞུ་ཡི།
ལཱ་ཚུ་ བསྣར་འགྱངས་སྦེ་ལུས་དགོ་མི་དེ་ཡང་ ན་ཧིང་གི་ལོ་ནང་ ས་གནས་གཞུང་གི་བཙག་འཐུ་དང་ གཞན་ཡང་ རྒྱལ་ཁབ་ནང་ ཁག་ཆེ་བའི་ལཱ་ ལེ་ཤ་ཅིག་ར་ འབད་དགོཔ་ཐོན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ད་རེས་འབད་དོ་ཡོད་པའི་ ལཱ་གི་གྲུབ་འབྲས་ཀྱི་སྙན་ཞུ་ཚུ་ བློན་ཆེན་ལུ་ ཕུལ་དོ་ཡོདཔ་ད་ འབྲུག་པའི་མི་ཁུངས་ ངོ་མ་ཨིན་མིན་ དབྱེ་དཔྱད་ཚུ་འབད་ནིའི་དོན་ལུ་ དུས་ཚོད་དགོ་ནི་མས་ཟེར་ ནང་སྲིད་བློན་པོ་གིས་ ཞུ་ཡི།
འཐུས་མི་ལ་ལུ་ཅིག་གིས་ ཕྱི་རྒྱལ་ལུ་འགྱོ་མི་ སློབ་ཕྲུག་དང་ ནདཔ་ཚུ་ལུ་ དཀའ་ངལ་ཚུ་ བྱུང་ཡོད་པའི་སྐོར་ལས་ཞུ་མི་དེ་ མི་བདེན་ཟེར་ཨིནམ་ད་ དེ་ཡང་ ནདཔ་དང་ སློབ་ཕྲུག་ཚུ་གི་ཐད་ལུ་ལྷོདཔ་ད་ འབྲེལ་ཡོད་ལས་སྡེ་ཚུ་དང་ འབྲེལ་བ་འཐབ་ཐོག་ལས་ གནས་སྐབས་ཀྱི་ ཡིག་ཆ་ཚུ་བྱིན་བཞིན་དུ་ར་ཡོད་ཟེར་ ནང་སྲིད་བློན་པོ་གིས་ཞུ་ཡི།
བསམ་རྩེ་ སིབ་སུའི་འཐུས་མི་ དུར་ག་ པར་སཱཏ་ ཆེ་ཏི་རི་གིས་འབད་བ་ཅིན་ དུས་ཡུན་ཚུ་རིངམོ་སྦེ་ འགོར་ཏེ་འབད་རུང་ གཞུང་གིས་ ཕྱག་ལཱ་ཚུ་གནང་སྟེ་ དུས་ཡུན་ཟླཝ་༢ དེ་ཅིག་གི་ནང་འཁོད་ནང་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད་ཟེར་ཞུ་མི་ལུ་ ཡིད་ཆེས་ཡོདཔ་བཞིན་དུ་ དུས་ཚོད་ཁར་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཞུ་ཡོདཔ་ད་ དབང་འདུས་ཕོ་བྲང་གི་འཐུས་མི་ པ་སངས་འཕྲིན་ལས་ཀྱིས་ ད་ལྟོ་གཞུང་གིས་ མཛད་མི་ཕྱག་ལཱ་ཚུ་ རྒྱལ་ཁབ་ཀྱི་ ཉེན་སྲུང་གི་དོན་ལུ་ ཨིན་པས་ཟེར་ཞུ་ཡི།
ཚོགས་དཔོན་འོགམ་ གཡང་ཁུ་ཚེ་རིང་གིས་འབད་བ་ཅིན་ ལཱ་དེ་མཇུག་བསྡུ་ནི་ལུ་ དུས་ཚོད་ཀྱི་ཁྱད་པར་ དུམ་གྲ་རེ་ཆགས་སྲིད་ནི་ཨིན་རུང་ ཚར་ཅིག་ འགོ་བཙུགས་ཞིནམ་ལས་ མཇུག་བསྡུ་འོང་ཟེར་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment