གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སཱུན་ཀོཤི་གློག་མེ་ལས་འགུལ་གྱི་དོན་ལུ་ གྲ་སྒྲིག་འབད་དོ་ཡོདཔ།

༡༠/༧/༢༠༡༢། ༉ འབྲུག་རྒྱལ་ཁབ་ཀྱི་ གློག་མེ་ལས་འགུལ་སྦོམ་ཤོས་ཅིག་ཨིན་མི་ གློག་ཤུགས་མེ་ག་ཝཱཊ་༢,༥༦༠ འབད་མི་ སཱུན་ཀོཤི་གློག་མེ་ལས་འགུལ་དེ་ཡང་ སང་ཕོད་ཀྱི་ལོ་ཕྱེད་མཚམས་ལས་ འགོ་བཙུག་ནི་ལུ་ གྲ་སྒྲིག་འབད་དོ་ཡོདཔ་ཨིན་པས།
བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་གསུངས་མིའི་ནང་ ལས་འགུལ་བཟོ་སྐྲུན་ལཱ་གི་དོན་ལུ་ སྔོན་འགྲོའི་ལཱ་གི་རིགས་ དཔེར་ན་ ལྷ་མོའི་རྫིང་ཁ་ལས་ བྱང་ཕྱོགས་ཁ་ཐུག་ལུ་ སྣུམ་འཁོར་ལམ་མཐུད་སྦྲེལ་ ཀི་ལོ་མི་ཊར་༡༢ དེ་ཅིག་སེལ་ནི་དང་ འཁོར་ལམ་བདའ་སྟེ་ ཟམ་རྐྱབ་ནི་ཚུ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ འགོ་བཙུག་ནིའི་ལས་རིམ་ཡོད་ཟེར་ཨིན་པས།

འཁོར་ལམ་རྒྱ་བསྐྱེད་ཀྱི་ལཱ་ཚུ་ཡང་ རྒྱ་གར་གྱི་ས་ཁོངས་ནང་ལས་ཕར་ རྒྱ་གར་གཞུང་གིས་སེལ་ནི་ཨིནམ་ད་ ད་ལྟོ་རྒྱ་གར་གཞུང་གིས་ ལཱ་འགོ་འདྲེན་འཐབ་མིའི་ལས་སྡེ་ ངོས་འཛིན་གྱི་དོན་ལུ་ འཚོལ་ཞིབ་འབད་བའི་བསྒང་འདུག་ཟེར་ཨིནམ་ད་ འབྲུག་གིས་ ལམ་རྒྱ་བསྐྱེད་དང་འབྲེལ་བའི་ལཱ་ཚུ་ག་ར་ ལམ་སེལ་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་འབད་ནི་ཨིན་ཟེར་ཨིན་པས།
ལས་འགུལ་གྱི་ལཱ་ངོ་མ་ ཆུ་མཛོད་ཁང་དང་ གློག་མེ་འཕྲུལ་ཨམ་གྱི་བཟོ་སྐྲུན་ལ་སོགས་པ་ཚུ་ འབད་ནིའི་དོན་ལུ་ ལས་འགུལ་གྱི་དབང་འཛིན་ཅིག་ བསྐོ་བཞག་འབད་ནི་ཨིནམ་ད་ ལཱ་དེ་ སང་ཕོད་ལོ་ཕྱེད་དེ་ཅིག་ལས་འགོ་བཙུག་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
རྒྱ་འབྲུག་༢ ཀྱི་མཉམ་འབྲེལ་ལས་འགུལ་དེ་ལུ་ མ་དངུལ་ཡོངས་བསྡོམས་ དུང་ཕྱུར་༩༧.༦༢ དེ་ཅིག་གནས་པའི་ ཚོད་རྩིས་ཡོདཔ་ད་ དངུལ་ཀྲམ་དུང་ཕྱུར་༨༥.༩༥ དེ་ ཆུ་མཛོད་ཁང་ རྐྱབ་ནིའི་དོན་ལུ་ ཨིནམ་བཞིན་དུ་ འབྲུག་ནང་འཁོད་ཀྱི་ སྔོན་འགྲོའི་ལཱ་གི་དོན་ལུ་ མ་དངུལ་ དུང་ཕྱུར་༡.༧ དེ་ཅིག་གནས་ནི་ཨིན་པས།
སཱུན་ཀོཤི་ལས་འགུལ་དེ་ འགོ་ཐོག་འཆར་གཞིའི་ནང་ གློག་མེ་ ནུས་ཤུགས་མེ་ག་ཝཱཊ་༤,༠༦༠ འབད་མི་དང་གཅིག་ཁར་ ཞིང་ཆུའི་མཐུན་རྐྱེན་མཉམ་སྦྲགས་ཡོདཔ་ཨིན་རུང་ རྒྱ་འབྲུག་གི་ཆེ་རིམ་འགོ་དཔོན་ཚུ་གིས་ དཔལ་འབྱོར་གནས་རིམ་ནང་ འོས་འབབ་མེད་པའི་གནས་སྟངས་ལུ་ ལས་འགུལ་གྱི་ནུས་ཤུགས་དེ་ མར་ཕབ་ཐོག་ མ་དངུལ་གནས་རྩིས་ དངུལ་ཀྲམ་དུང་ཕྱུར་༢༡༠ འབད་མི་ལས་ དངུལ་ཀྲམ་ དུང་ཕྱུར་༡༠༠ ལྷགཔ་ཅིག་ མར་ཕབ་རྐྱབ་ཡོདཔ་ཨིན་པས།
རང་བཞིན་སྲུང་སྐྱོབ་ཀྱི་གནས་སྟངས་ཐོག་ བློན་པོ་གིས་གསུངས་མིའི་ནང་ རང་བཞིན་ཉམས་སྲུང་དེ་ འབྲུག་གི་གཙོ་རིམ་དང་པ་ཨིནམ་ལས་ རང་བཞིན་སྲུང་སྐྱོབ་དང་འབྲེལ་བའི་གནས་སྟངས་ནང་ བདེ་སྒྲིག་མེད་པར་ལག་ལེན་འཐབ་ནི་ཨིན་ཟེར་ཨིན་པས།
གློག་མེ་ལས་འགུལ་གཞན་ གློག་ཤུགས་ མེ་ག་ཝཱཊ་༦༠༠ འབད་མི་ མཁོ་ལོང་ཆུ་ལས་འགུལ་དང་ མེ་ག་ཝཱཊ་༧༧༠ འབད་མི་ ལྕམ་མཁར་ཆུ་ལས་འགུལ་ མེ་ག་ཝཱཊ་༡༨༠ འབད་མི་ བུ་ན་ཁ་ལས་འགུལ་ དེ་ལས་ མེ་ག་ཝཱཊ་༥༧༠ འབད་མི་ ཝང་ཆུ་ལས་འགུལ་ཚུ་ དུས་ཅི་ར་ འགོ་བཙུག་ཚུགས་པའི་ རེ་བ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

 



No comments:

Post a Comment