གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་མང་གིས་དགའ་མི་ སི་ཀིམ་གྱི་སྡེ་ཚན་ཕམ་ཡོདཔ།

སི་ཀིམ་ སྲིད་ཅེ་ མདའ་རྩེདཔ་ཚུ་གིས་ བཀག་རེག་ཕོག་མི་ལུ་ མདའ་འཆམ་རྐྱབ་པའི་བསྒང་།
 ༡༤/༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༡༢ ལུ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་ གཏེར་སྟོན་སྡེ་ཚན་དང་ རྒྱ་གར་སི་ཀིམ་སྲིད་ཅེ་ སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ གཏེར་སྟོན་སྡེ་ཚན་གྱིས་ རྒྱལ་ཁ་ཐོབ་ཅི།
སྡེ་ཚན་གཉིས་ཆ་ར་གིས་ སྐོར་ཐེངས་རེ་རེ་འདྲན་འདྲ་ཆོད་པའི་ཤུལ་ལུ་ མཐའན་མཇུག་གི་སྐུགས་གསུམ་པ་དེ་ རྩེད་འགྲན་འབདཝ་ད་ ཕྱི་རུའི་ཆུ་ཚོད་༤ དང་སྐར་མ་༣༠ དེ་ཅིག་ལུ་ གཏེར་སྟོན་སྡེ་ཚན་གྱིས་ སྐོར་ཐེངས་གཅིག་ནང་ བཀག་རེག་༤ དང་ དོ་སྦྱེལ་༣ ཕོག་སྟེ་ སྐུགས་ཆོད་ཡི།

རྩེད་འགྲན་འགོ་བཙུགས་ཏེ་ སྐོར་ཐེངས་༥ པའི་ནང་ གཏེར་སྟོན་སྡེ་ཚན་གྱིས་སྐུགས་དང་པམ་དེ་ཆོདཔ་ད་ སྲིད་ཅེ་སྡེ་ཚན་གྱིས་ སྐུགས་གཅིག་ཡང་ ཐོབ་མ་ཚུགས་རུང་ སྐུགས་གཉིས་དོན་ལུ་རྩེད་འགྲན་འབདཝ་ད་ སྲིད་ཅི་སྡེ་ཚན་གྱིས་ སྐུགས་ཆོད་ཚུགས་ནུག།
སི་ཀིམ་སྡེ་ཚན་གྱིས་ སྐོར་ཐེངས་༩ པའི་ནང་ ད་རུང་ བཀག་རེག་༦ སྟབས་གཅིག་ལུ་རྐྱབ་སྟེ་ སྐུགས་༢ པ་ཆོད་པའི་སྐབས་ལུ་ གཏེར་སྟོན་སྡེ་ཚན་གྱིས་ སྐུགས་༤ ལས་བརྒལ་ཐོབ་མ་ཚུགས།
སྡེ་ཚན་༢ ཀྱིས་ སྐུགས་རེ་རེ་ཆོད་ཡོདཔ་ལས་ མཐའ་བཅད་རྩེད་འགྲན་འགོ་བཙུགས་པའི་སྐོར་ཐེངས་དང་པའི་ནང་ གཏེར་བཏོན་སྡེ་ཚན་གྱི་ བཀག་རེག་༤ ཡོད་མི་དེ་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༣ ཕོག་སྟེ་ སྐུགས་༦ བཏོག་བཏངམ་ལས་ སྐུགས་༢ ལས་བརྒལ་རྩིས་ནི་མ་ཐོབ།
སྐུགས་༣ པའི་དོན་ལུ་རྩེད་འགྲན་འབདཝ་ད་ སྲིད་ཅེ་སྡེ་ཚན་གྱིས་ བཀག་རེག་༥ ཕོག་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༣ ལས་བརྒལ་ཕོག་མ་ཚུགསཔ་ལས་ སྐུགས་༤ ཐོབ་ཡོདཔ་ལས་ སྐུགས་འདྲན་འདྲ་བཟོ་ཡོད་རུང་ གཞན་མིའི་སྐོར་ཐེངས་ནང་ གཏེར་སྟོན་སྡེ་ཚན་གྱིས་ བཀག་རེག་༣ ལྷགཔ་སོཔ་ལས་ སྐུགས་༡༠ ཐོབ་ཅི།
དེ་བཟུམ་སྦེ་ ཕྱི་རུའི་ཆུ་ཚོད་༤ དང་སྐར་མ་༣༠ ལུ་ སྡེ་ཚན་གཉིས་ཀྱི་ རྩེད་འགྲན་དེ་ ཉིནམ་ཤུལ་མམ་ནང་ འཕྲོ་མཐུད་རྐྱབ་དགོ་ནི་བཟུམ་མའི་ མཐོང་སྣང་བྱུངམ་ཨིན་རུང་ གཏེར་སྟོན་སྡེ་ཚན་གྱིས་ དོ་སྦྱེལ་༣ དང་ བཀག་རེག་༤ ཕོག་ཡོད་མི་དེ་ སྲིད་ཅེ་སྡེ་ཚན་གྱིས་ བཀག་རེག་༢ ལས་བརྒལ་བཏོག་མ་ཚུགསཔ་ལས་ ཚར་གཅིག་གུ་ སྐུགས་༡༥ ཐོབ་སྟེ་ སྐུགས་༣ པ་ཆོད་པའི་སྐབས་ ལྟདམོ་བལྟ་མི་ཚུ་ཡང་ ཧ་ལསཔ་དགོཔ་བྱུངམ་མ་ཚད་ བྱང་ཕྱད་སྡེ་ཚན་ཡང་ དབུགས་འགམ་སི་སི་སྦེ་ འབད་ཐབས་ག་ནི་ཡང་མེད་པར་འགྱོ་དགོཔ་བྱུང་ནུག།
སྤྲོ་བ་དང་ དང་འདོད་སྐྱེད་དེ་ ལྟདམོ་བལྟ་མི་ བརྒྱ་ལས་བཅད་མི་ཚུ་གིས་ ཕྱི་རྒྱལ་ཁབ་ རྒྱ་གར་སི་ཀིམ་ལས་ རྩེད་འགྲན་འབད་མི་ཚུ་གིས་ རང་ལུགས་ཀྱི་རྩེདམོ་དེ་ ལེགས་ཤོམ་སྦེ་ རྩེད་འགྲན་འབདཝ་མས་ཟེར་ དགའ་སྤྲོའི་ཐོག་ལས་ བཀག་རེག་ཕོགཔ་ད་ རང་ལུགས་ཀྱི་ ཞབས་བྲོ་ཚུ་འཐེན་ཡོདཔ་ཨིན་པས།
ལྟདམོ་བལྟ་མི་ལ་ལུ་ཅིག་གིས་འབད་བ་ཅིན་ སྲིད་ཅེ་གི་ རྩེད་འགྲན་འབད་མི་ཚུ་ གཞོནམ་ཨིན་པའི་ཁར་ རྩེད་འགྲན་འབད་ནི་ལུ་ མཁས་པ་ཡོད་མི་ལུ་བརྟེན་ སྡེ་ཚན་དེ་གིས་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་རུང་དགའ་ནི་མས་ཟེར་ ལོ་རྒྱུས་སླབ་ཨིན་པས།
གཏེར་སྟོན་སྡེ་ཚན་གྱིས་ ཤུལ་མའི་རྩེད་འགྲན་དེ་  འབྲུག་ལྟ་བཤལ་ཚོགས་སྡེའི་ སྡེ་ཚན་དང་གཅིག་ཁར་ སྤྱི་ཟླ་༧ པའི་ཚེས་༡༦ ལུ་  མཐའ་བཅད་ཆུང་བའི་རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།



No comments:

Post a Comment