གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དངུལ་ཁང་ལྟེ་བ་དང་ རྒྱལ་ཡོངས་ཚོགས་སྡེའི་བར་ན་ བྲེལ་ཟིང་།

༧/༧/༢༠༡༢། ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ཚོགས་ཁང་ནང་ དཔལ་བྱོར་ལས་སྡེ་ཚོགས་ཆུང་གིས་ ཚོགས་དམངས་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་དང་འབྲེལ་བའི་ བརྡ་དོན་དང་ ཡིག་ཆ་ཚུ་ མ་བྱིན་མི་ལུ་བརྟེན་ རུ་པིའི་དཀའ་ངལ་གྱི་སྐོར་ལས་ ཞིབ་འཚོལ་དང་ བསྐྱར་ཞིབ་ཀྱི་དོན་ལུ་ སྙན་ཞུ་ ཕུལ་མ་ཚུགས་ཟེར་ཞུ་ཡི།
དེ་ཡང་ ཚོགས་ཆུང་གི་ཁྲི་འཛིན་ ལྷུན་རྩེའི་འཐུས་མི་ རིག་འཛིན་རིག་འཛིན་གྱིས་ ཞུ་མིའི་ནང་ ཚོགས་ཆུང་གིས་ འདས་པའི་ཟླཝ་༢ ཀྱི་རིང་ དངུལ་ཁང་ལྟེ་བ་ལས་ བརྡ་དོན་དུམ་གྲ་ཅིག་ཐོབ་མིའི་གུ་ བརྡ་དོན་ཁ་སྐོང་དགོ་པའི་སྐོར་ལས་ ཡི་གུ་ལན་ཐེངས་ མང་རབས་ཅིག་བཏང་རུང་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ བརྡ་དོན་ཁ་སྐོང་དགོ་མི་དེ་ཡང་ གཞུང་སྐྱོང་གནད་དོན་དང་ སྲིད་བྱུས་ ཁྲིམས་ལུགས་ དེ་ལས་ དབང་འཛིན་གྱིས་ འགོ་འདྲེན་འཐབ་མི་ ལས་རིམ་ཚུ་གི་སྐོར་ལས་ ཞིབ་འཚོལ་འབད་དགོཔ་ ཡོད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེའི་ ཁྲི་འཛིན་འོགམ་ བསོད་ནམས་ཀུན་དགའ་གིས་ རུ་པི་མ་ལང་པའི་དཀའ་ངལ་ལུ་བརྟེན་ མི་སེར་ཉམ་ཆུང་ཚུ་ལུ་ དཀའ་ངལ་སྦོམ་སྦེ་ར་ བྱུང་ཏེ་ཡོད་རུང་ ད་རེས་གཞུང་གི་འོག་ལུ་ རང་སྐྱོང་དུས་ཚོགས་ཅིག་ཨིན་མི་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ རྩིས་འཛིན་གྱིས་ ཚོགས་ཆུང་ལུ་  ངོས་ལེན་འབད་མ་བཏུབ་མི་ལུ་བརྟེན་ རྒྱལ་ཡོངས་ཚོགས་སྡེ་གིས་ བསྐྱར་ཞིབ་མཛད་དགོ་པའི་ཕྱག་ལཱ་ལུ་ བར་ཆད་སྦོམ་བྱུང་ཡི་ཟེར་ཞུ་ཡི།
དེ་འབད་ནི་དེ་གིས་ རྒྱལ་ཡོངས་ཚོགས་སྡེའི་བཅའ་ཁྲིམས་དང་འཁྲིལ་ ཚོགས་སྡེའི་ཁྲི་འཛིན་གྱི་དབང་ཚད་ ལག་ལེན་འཐབ་དགོཔ་འདུག་ཟེར་ཞུ་ཡི།
བཅའ་ཁྲིམས་དང་འཁྲིལཝ་ད་ ཚོགས་ཁང་གི་ཁྲི་འཛིན་གྱིས་ རྒྱལ་ཡོངས་ཚོགས་སྡེའི་མཛད་རིམ་ནང་ སྒྲུབ་བྱེད་བྱིན་ནི་དང་ གནས་ཚུལ་བྱིན་ནིའི་དོན་ལུ་དང་ ཡང་ན་ མི་འདི་གི་དབང་འཛིན་ནམ་ བདག་འཛིན་འོག་ལུ་ཡོད་པའི་ ཡིག་ཆ་ཚུ་ སྤྲོད་ནིའི་དོན་ལུ་ འགུགས་བརྡ་འབད་ཆོག་ཟེར་ བཀོད་དེ་ཡོདཔ་ལས་ ཚོགས་ཐེངས་འདི་ནང་ར་ འབོ་གནང་དགོཔ་སྦེ་ཞུ་མི་ལུ་ འཐུས་མི་གཞན་ཚུ་གིས་ཡང་ རྒྱབ་བསྐྱོར་ཕུལ་ཡི།
བསམ་གྲུབ་ལྗོངས་མཁར་གྱི་འཐུས་མི་ འཇིགས་མེད་དབང་ཕྱུག་གིས་ དམངས་གཙོའི་རིང་ལུགས་གཞི་བཙུགས་འབད་དེ་ དུས་ཡུན་གངམ་མ་འགྱོཝ་བཞིན་དུ་ ང་བཅས་རའི་ མི་དབང་མངའ་བདག་ཡབ་སྲས་ཚུ་གིས་འབད་རུང་ དམངས་གཙོའི་རིང་ལུགས་དེ་ ར་སྒྲིང་སྒྲིང་སྦེ་ བཏགས་བཅུག་དགོ་ཟེར་ གསུངསམ་གསུངས་ས་ཡོད་རུང་ རྩིས་འཛིན་གྱིས་ ཚོགས་ཆུང་ལུ་ ངོས་ལེན་འབད་མ་བཏུབ་མི་ལུ་ལྟ་སྟེ་ སེམས་ཕམ་བྱུང་ཡི་ཟེར་ཞུ་ཡི།
བུམ་ཐང་གི་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་ མ་གཞི་ ད་རེས་ རྩིས་འཛིན་ལུ་ ཚོགས་ཁང་ནང་འོང་དགོཔ་སྦེ་ཞུ་མི་དེ་ དོགས་བསལ་འབད་ནིའི་ གོ་སྐབས་ཅིག་ཡང་ཨིན་རུང་ ངོས་ལེན་འབད་མ་བཏུབ་མི་ལུ་བལྟ་བ་ཅིན་ ཁོ་གིས་ ཚོགས་སྡེ་ལུ་ ཡིད་ཆེས་དང་ བརྩི་བསྐུར་མེད་པའི་ བརྡ་མཚོན་ཅིག་ཨིན་པས་ཟེར་ཞུ་ཡི།
དེ་དང་འཁྲིལ་ ཚོགས་སྡེ་གིས་ རྩིས་འཛིན་ལུ་ ཤུལ་མའི་བདུན་ཕྲག་གི་ རེས་གཟའ་ལྷག་པའི་དྲོ་པ་ ཚོགས་ཁང་ནང་ བཅའ་མར་གཏོགས་པར་འོང་དགོཔ་སྦེ་ བཀའ་གནང་ཡོདཔ་ཨིན་རུང་ རྩིས་འཛིན་ཟླཝ་བསྟན་འཛིན་གྱིས་འབད་་བ་ཅིན་ ཁོ་ལུ་ སྒེར་གྱི་བྱ་སྟབས་མ་བདེཝ་དང་ གསོ་བའི་འཕྲོད་བསྟེན་གྱི་གནད་ལུ་བརྟེན་  ཚོགས་སྡེ་གིས་མགྲོན་བརྡ་ལུ་ ངོས་ལེན་འབད་མ་ཚུགས་རུང་ ཚོགས་ཁང་ནང་ བསྐྱར་ཞིབ་ཀྱི་དོན་ལུ་དགོ་པའི་ བརྡ་དོན་ཆ་མཉམ་ བྱིན་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་ལུ་ རྩིས་འཛིན་འགུགས་བརྡ་འབད་ནིའི་ དབང་ཚད་མེདཔ་ལས་ གལ་སྲིད་འབོ་དགོཔ་ཐོན་རུང་ ཁྲིམས་ཀྱི་བཀའ་རྒྱ་དགོཔ་མ་ཚད་ རུ་པིའི་གནད་དོན་དེ་ ད་རེས་ཀྱི་ རྒྱལ་ཡོངས་ཚོགས་འདུའི་ གྲོས་གཞི་ནང་ཚུད་ཚུདཔ་མེད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ རྒྱལ་ཡོངས་ཚོགས་སྡེ་གིས་ ཁྲིམས་འདུན་བཟུམ་མའི་ ཕྱག་ལཱ་གནང་མི་དེ་ ཁྲིམས་ལུགས་དང་འགལ་བ་ཅིག་ཨིན་པས་ཟེར་ སླབ་ཡོད་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment