གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལས་མི་བྱོག་འགྱོ་མི་ཚུ་ རྟ་ནག་ལུངམ་ལས་ འཛིན་བཟུང་འབད་ཡོདཔ།


རྒྱ་གར་གྱི་ལས་མི་ཚུ་ བྱོག་འགྱོ་དགོ་མི་དེ་ཡང་ གཙོ་བོ་ར་ ལཱ་འབད་སའི་ས་ཁོངས་ གི་ཁུག་ཅིག་ནང་ཨིནམ་ལས་ སེམས་མ་དགའ་ནི་དེ་གིས་ཨིན་ཟེར་ སླབ་ནུག། 

རྒྱ་གར་གྱི་ལས་མི་ཚུ་ བྱོག་འགྱོ་དགོ་མི་དེ་ཡང་ བཟོ་སྐྲུན་ས་ཁོངས་ མ་དགའ་མི་ལུ་བརྟེན་ཏེ་ཨིན་མས།
 ༣/༧/༢༠༡༢། ༉ འདས་པའི་རེས་གཟའ་ཟླ་བ་ལུ་ དཀོན་མཆོག་རྡོ་རྗེ་བཟོ་སྐྲུན་ལས་སྡེ་ནང་ བཟོ་སྐྲུན་གྱི་ལཱ་འབད་མི་ ཕྱི་ཁ་ལས་མི་༡༠ གྱིས་ བྱོག་འགྱོ་ནི་ལུ་ དཔའ་བཅམ་པའི་སྐབས་ རྟ་ནག་ལུངམ་ལས་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོདཔ་ད་ དེ་བསྒང་ ཁོང་ཆ་ཁྱབ་ གླ་འཁོར་༢ ནང་འཛུལ་ཏེ་ ཕུན་ཚོགས་གླིང་ལུ་ འགྱོ་བའི་བསྒང་ཡོདཔ་ཨིན་པས།

ཐིམ་ཕུ་ རྡོ་གདན་ནང་ལུ་ རྟ་མགོ་ནང་པའི་མཐོ་རིམ་བཤད་གྲྭའི་ རྒྱ་བསྐྱེད་ཀྱི་ བཟོ་སྐྲུན་ལཱ་འབད་མི་ ལས་མི་སྡེ་ཚན་གྱི་ འགོ་འདྲེན་པ་ བཱའི་དར་གྱིས་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ཁར་ ཐིམ་ཕུའི་ གླ་འཁོར་བཞག་སར་སོང་སྟེ་ གླ་འཁོར་༢ ལུ་ ཕུན་ཚོགས་གླིང་ལུ་ འགྱོ་གེ་ཟེར་ སླབ་པའི་ཤུལ་ལུ་ ཁོ་རའི་ ཆ་རོགས་ཚུ་ རྡོ་གདན་ནང་ལུ་ཡོདཔ་ལས་ ལེན་པར་འགྱོ་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
དེ་ལས་ གླ་འཁོར་༢ རྡོ་གདན་ནང་ལུ་སོང་སྟེ་ ལས་མི་ཚུ་ ལེན་ཞིནམ་ལས་ ཕུན་ཚོགས་གླིང་ལུ་ སོང་ཡོདཔ་ད་ ནུབ་མོའི་ཆུ་ཚོད་༡༡ དེ་ཅིག་ཁར་ བཟོ་སྐྲུན་ལས་སྡེའི་ ཇོ་བདག་གིས་ ཤེས་རྟོགས་བྱུངམ་ལས་ སྙན་ཞུ་འབད་མི་དང་འཁྲིལ་ཏེ་ རྟ་ནག་ལུངམ་གི་  ཁྲིམས་སྲུང་འགག་པའི་ སྒོ་ར་ཁར་ འཛིན་བཟུང་འབད་ཡོདཔ་ཨིན་པས།
དེ་ཚེ་ ལས་མི་སྡེ་ཚན་གྱི་འགོ་ཁྲིདཔ་ རྒྱ་གར་གྱི་ས་གནས་ ཇཱལ་པའི་གུ་རི་ལས་ སྐྱེས་ལོ་༢༦ འབད་མི་ བཱའི་དར་ མོ་ཇབ་མི་ཡ་གིས་ སླབ་མིའི་ནང་ དེ་སྦེ་ བྱོག་འགྱོ་དགོ་མི་དེ་ཡང་ གཙོ་བོ་ར་ ལས་མི་ཚུ་གིས་ ལཱ་འབད་སའི་ས་ཁོངས་ གི་ཁུག་ཅིག་ནང་ཨིནམ་ལས་ སེམས་མ་དགའ་ཟེར་ སླབ་ཨིན་པས།
ལས་མི་གཞན་ཅིག་གིས་འབད་བ་ཅིན་ ས་གནས་དེ་ ཁྲོམ་ཁ་ལས་ ཐག་རིང་སར་འབད་ནི་དེ་གིས་ ན་བའི་སྐབས་ལུ་ སྨན་ཁང་ནང་ དུས་ཚོད་ཁར་ ལྷོད་མ་ཚུགསཔ་མ་ཚད་ རྡོ་གདན་ནང་ལས་ ཐིམ་ཕུ་ཚུན་ གླ་འཁོར་ནང་ གླ་ཆ་དངུལ་ཀྲམ་༣༠༠ རེ་ སྤྲོད་དགོ་པས་ཟེར་ཨིན་པས།
དེ་མ་ཚད་ ས་གནས་ནང་ བཀྱག་ཕྱེ་འབུབ་ཚུ་གིས་ སོ་བཏབ་མས་ཟེར་སླབ་ཡོདཔ་ད་ ཨིན་རུང་ ཇོ་བདག་ལུ་ མ་སླབ་པར་ གསང་སྟེ་ བྱོག་འགྱོ་ནི་དེ་གིས་ འཛོལ་སོ་ནུག་ཟེར་ སླབ་ཡོདཔ་ཨིན་པས།
བཟོ་སྐྲུན་ལས་སྡེའི་ ཇོ་བདག་གིས་འབད་བ་ཅིན་ གལ་སྲིད་ ལས་མི་ཚུ་ལུ་ དུས་ཚོད་ཁར་ གླ་ཆ་མ་སྤྲོད་པར་བཞག་པ་ཅིན་ དེ་ལུ་ ཁུངས་ལྡན་ཅིན་ཨིན་རུང་ དེ་སྦེ་ བཞག་བཞགཔ་མེད་ཟེར་ཨིནམ་ད་ ལས་མི་སྡེ་ཚན་དེ་གི་དོན་ལུ་ ཁོ་གིས་ སྔོན་བྱིན་དངུལ་ཀྲམ་༢༩,༠༠༠ དང་ གཞན་ཕྱི་མི་ནང་སྐྱོད་དང་ ལག་ཁྱེར་བཟོ་ནིའི་དོན་ལུ་ ཟད་འགྲོ་བཏང་མི་ཚུ་རྩིསཝ་ད་ བསྡོམས་ཀྱིས་ དངུལ་ཀྲམ་༥༣,༢༣༡ བཏང་ཡོད་མི་ཚུ་ ལོག་མ་སྤྲོད་པར་ འགྱོ་ནིའི་ འཆར་གཞི་ཨིན་མས་ཟེར་སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱིའི་ལས་མི་ཚུ་ རྒྱལ་ཁབ་ནང་ ལེན་ནིའི་དོན་ལུ་ གནམ་མེད་ས་མེད་ ལཱ་ཁག་རྐྱབ་དོ་ཡོདཔ་ད་ གླ་ཆ་སྔོན་སྤྲོད་ཚུ་ཡང་ ཕུན་ཚོགས་གླིང་ལས་ རྒྱལ་ཁབ་ནང་ ཁྱིད་མ་འོང་པའི་ ཧེ་མ་ལས་ར་ སྤྲོད་དགོཔ་ལས་ རེ་ཚེ་སྐབས་ ཏི་རུ་ལེན་པའི་འཕྲལ་ལས་ ཕུན་ཚོགས་གླིང་ལས་ར་ བྱོག་འགྱོ་དོ་ཡོདཔ་མ་ཚད་ ལ་ལུ་ཅིག་གིས་ བཟོ་སྐྲུན་གྱི་ས་ཁོངས་ནང་ལས་ བྱོག་འགྱོ་ནི་དེ་ ད་རེས་ནངས་པ་ ཚོང་འབྲེལ་བཟུམ་ཅིག་ལུ་ གྱུར་སོ་ནུག་ཟེར་ཨིན་པས།
དེ་ལུ་བརྟེན་ ཕྱི་རྒྱལ་གྱི་ལས་མི་ མང་ཤོས་ཅིག་གིས་ འབྲུག་ལུ་ དུས་ཡུན་རིང་ཤོས་ར་ ཟླཝ་༡ དེ་ཅིག་དང་ གཞན་མི་ཚུ་གིས་ ཉིན་གྲངས་༡༥ དེ་ཅིག་མ་གཏོགས་ སྡོད་མི་བཏུབ་པས་ཟེར་ཨིན་པས།
ལས་མི་སྡེ་ཚན་དེ་ ས་གནས་ནང་ལྷོད་དེ་ བདུན་ཕྲག་༡ ཡང་ མ་ལང་ཟེར་ཨིནམ་ད་ དེ་བཟུམ་སྦེ་ ཧེ་མ་ཡང་ ལས་མི་ལེ་ཤ་ཅིག་གིས་ བྱོག་སོང་ཡོདཔ་ད་ དེ་སྦེ་འབད་མི་དེ་ཡང་ འབྲུག་པའི་ཁག་འབགཔ་ཚུ་གི་དོན་ལུ་ རྒྱ་གར་གྱི་ལས་མི་ཚུ་ མཁོ་འདོད་སྦོམ་ཡོདཔ་ ཤེས་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ ཁག་འབགཔ་གིས་ སླབ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ ད་རེས་ ཁོ་གིས་ འབད་བའི་བསྒང་ཡོད་མི་ རྡོ་གདན་ནང་གི་ལཱ་དེ་ ལས་མི་༢༥༠ དེ་ཅིག་གིས་ འབད་ཚུགས་ནི་ཨིན་རུང་ ལཱ་འགོ་བཙུགསཔ་ལས་ཚུར་ ད་ལྟོ་ཚུན་ ལས་མི་ཚུ་ བྱོག་སོང་སྟེ་ ལོག་གསརཔ་ ལེན་མིའི་རྩིས་རྐྱབ་ད་ ལས་མི་༨༠༠ ལྷགཔ་ཅིག་ བཏོན་ནུག་ཟེར་ཨིན་པས།
དཀའ་ངལ་དེ་གི་སྐོར་ལས་ གཞུང་གི་ འབྲེལ་ཡོད་ལས་སྡེ་ཚུ་གིས་ཡང་ ཁ་གསལ་སྦེ་ ཤེས་དོ་ཡོདཔ་ད་ ཁག་འབགཔ་ཚུ་གི་བར་ན་ཡང་ ཐབས་ལམ་ཅིག་ ག་ཅི་ཡང་ བཏོན་མ་ཚུགས་པར་ མགུ་འཐོམ་སྟེ་ཡོད་ཟེར་ ཁོ་གིས་ སླབ་ཨིན་པས།
ཐིམ་ཕུ་ལས་ ལས་མི་ཚུ་ འབག་འགྱོ་མི་ གླ་འཁོར་དེད་གཡོགཔ་ཅིག་གིས་འབད་བ་ཅིན་ མ་གཞི་ ཁོ་ར་ བསམ་གྲུབ་ལྗོངས་མཁར་ལུ་ གླ་འཁོར་བཏང་སྡོད་མི་ཅིག་ཨིན་ཟེར་ཨིནམ་ད་ དེ་བཟུམ་མའི་ གནས་སྟངས་ཐོན་པའི་དོགས་པ་ སེམས་ཁར་མ་ཤར་ཟེར་ཨིན་པས།
རྟ་ནག་ལུངམ་ལུ་ལྷོད་དེ་ རང་སོའི་ལག་ཁྱེར་ཚུ་ ཐོ་བཀོད་འབད་བར་སོང་ཟེར་ སླབ་པའི་སྐབས་ ལས་མི་ཚུ་གིས་ སྣུམ་འཁོར་ནང་ལས་ ཐོན་མ་བཏུབ་པར་ སྡོད་པའི་བར་ན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་ཡོད་ཡི་ཟེར་སླབ་ཅི།
ཁག་འབགཔ་གིས་འབད་བ་ཅིན་ ད་རེས་ཀྱི་ལཱ་དེ་ དུས་ཅི་ སྤྱི་ཟླ་༩ པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ དེ་བཟུམ་མའི་ དཀའ་ངལ་ཚུ་ལུ་བརྟེན་ དུས་ཚོད་ཕྱིས་ནི་མས་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment