གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་སྐྱོད་ཆོག་ཐམ་རྫུས་བཟོ་གིས་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་ལུ་ གནོད་ནིའི་ཉེན་ཁ།

༤/༧/༢༠༡༢། ༉ དུས་ཅི་ སྤྱི་ཟླ་༤ པའི་ནང་བྱུང་མི་ ནང་སྐྱོད་ཆོག་ཐམ་རྫུས་བཟོའི་ གནད་དོན་གྱི་སྐོར་ལས་ ནང་སྲིད་ལྷན་ཁག་གིས་ དབྱེ་ཞིབ་ཚུ་ ཧེ་མ་ལས་ར་ འབད་ཚར་ཡོདཔ་ཨིན་རུང་ འབྲུག་ལྟ་བཤལ་ཚོགས་སྡེ་དང་ བུ་ཊཱན་ ཝི་ལེཇི་ལྟ་བཤལ་ལས་སྡེ་༢ ཀྱི་བར་ན་ ལོ་རྒྱུས་ཚུ་ མཇུག་མ་བསྡུ་བར་ ཡོདཔ་ཨིན་པས།

ནང་སྲིད་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ནང་སྐྱོད་ཆོག་ཐམ་ རྫུས་བཟོའི་གནད་དོན་དེ་ སྤྱི་ཟླ་༤ པའི་ཚེས་༢༣ ལུ་བྱུང་ཡོདཔ་བཞིན་དུ་ ཉིནམ་༣ དེ་ཅིག་ནང་ར་ ཞིབ་དཔྱད་འབད་ཚར་ཡི་ཟེར་ཨིན་པས།
ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ ཡིག་ཆ་རྫུས་བཟོའི་ལཱ་ཚུ་ ནེ་པཱལ་ལུ་ཡོད་པའི་ ཧི་མ་ལ་ཡཱན་ལྟ་བཤལ་ལས་སྡེ་གིས་ འབད་ཡོདཔ་ལས་ བུ་ཊཱན་ ཝི་ལེཇི་ལྟ་བཤལ་ལས་སྡེ་ འབྲེལ་གཏོགས་མེདཔ་སྦེ་ མཐོང་ནུག་ཟེར་ བཤདཔ་ཨིན་པས།
ནང་སྐྱོད་ཆོག་ཐམ་རྫུས་མ་འབག་སྟེ་ འབྲུག་ལུ་ ཉིན་གྲངས་༣ གྱི་རིང་ ལྟ་བཤལ་ནང་འོང་མི་ རྒྱ་ནག་གི་ཨམ་སྲུ་༢ དང་ སུའི་ཛར་ལེནཌི་ལས་ཨིན་མི་ ཕོ་སྐྱེས་དེ་ སྤ་རོ་གནམ་ཐང་ནང་ལས་ ཕྱི་མི་ནང་སྐྱོད་འགོ་དཔོན་ཅིག་གིས་ བདའ་ཟུན་ཡོདཔ་ད་ ལྟ་བཤལཔ་ཚུ་ ནེ་པཱལ་ ཧི་མ་ལ་ཡཱན་ལྟ་བཤལ་ལས་སྡེ་བརྒྱུད་དེ་ འབྲུག་ལུ་ འོང་ཡོདཔ་ཨིན་པས།
ལྟ་བཤལཔ་ཚུ་ ཁྲིམས་འགལ་ཐོག་ལས་ འབྲུག་ལུ་ འཛུལ་བཅུག་མི་ལུ་བརྟེན་ བུ་ཊཱན་ ཝི་ལེཇི་ལྟ་བཤལ་ལས་སྡེ་ལུ་ ཉེས་བྱ་དངུལ་ཀྲམ་༣༠,༠༠༠ བཀལ་ཡོདཔ་མ་ཚད་ ལྟ་བཤལ་ལས་སྡེའི་ ཆོག་ཐམ་ཡང་ གནས་སྐབས་ཅིག་ བཀག་ཆ་འབད་ཡོདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེའི་ བརྡ་བརྒྱུད་མགྲིན་ཚབ་ དམ་ཆོས་རིག་འཛིན་གྱིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱིས་ གྲོས་ཐག་ག་དེ་སྦེ་ བཅད་ཡོདཔ་ཨིན་ན་དང་ དབྱེ་ཞིབ་ཀྱི་ སྙན་ཞུ་ཚུ་ཡང་ ག་ཅི་ཡང་ མ་ཐོབ་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་སྡེ་ནང་ སྙན་ཞུ་ལྷོད་མི་ཚུ་དང་འཁྲིལ་ ཆོག་ཐམ་བཀག་ཆ་འབད་མི་དེ་ཡང་ ཆ་མེད་བཏང་སྟེ་ ལོག་ལག་ལེན་ འཐབ་བཅུག་དགོཔ་འོང་ཟེར་ཨིན་པས།
ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་གིས་ བཤད་མིའི་ནང་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ ལྟ་བཤལཔ་ཚུ་ དོ་དམ་འོག་ལུ་ བཙུགས་བཞག་དགོཔ་ཨིན་རུང་ གནམ་ཐང་ནང་ལས་ ལོག་ཕྱི་ཁར་བཏང་མི་དེ་ འཛོལ་བ་འདུག་ཟེར་ཨིནམ་ད་ ཨིན་རུང་ འབྲུག་མཁའ་འགྲུལ་གྱིས་ ནང་སྐྱོད་ཆོག་ཐམ་ རྫུས་མ་འབག་མི་ཚུ་ དབྱེ་ཞིབ་ལེགས་ཤོམ་མ་འབད་བར་ གནམ་གྲུའི་ཤོག་འཛིན་དང་ གཞན་མི་ ཡིག་ཆ་ཚུ་ སྤྲོད་མི་དེ་ འཛོལ་བ་ཅིག་ ཨིན་མས་ཟེར་ཨིན་པས།
ད་ལས་ཕར་ འབྲུག་མཁའ་འགྲུལ་གྱིས་ དེ་བཟུམ་མའི་ལཱ་ཚུ་ ད་རུང་ འབད་བ་ཅིན་ རྒྱབ་ཁབ་ཀྱི་ སྲུང་སྐྱོབ་ལུ་ཡང་ གནོད་ནིའི་ ཉེན་ཁ་སྦོམ་ཡོད་ཟེར་ ནང་སྲིད་བློན་པོ་གིས་གསུངས་ཡི།
ནང་སྲིད་བློན་པོ་གིས་འབད་བ་ཅིན་ ཡིག་ཆ་རྫུས་བཟོའི་ལཱ་དེ་ ནེ་པཱལ་གྱི་ ལྟ་བཤལ་ལས་སྡེའི་ འཛིན་སྐྱོང་པ་གིས་འབད་ཡོདཔ་ད་ དེ་གི་ཤུལ་ལས་ འཛིན་སྐྱོང་པ་དེ་ ཡིག་ཚང་དེ་ནང་ལས་ བྱོག་ཡར་སོ་ནུག་ཟེར་ བཤད་ཡོདཔ་ཨིན་རུང་ ཀུན་གསལ་གྱིས་ གནད་དོན་དེ་བྱུང་སྟེ་ ཟླཝ་༡ དེ་ཅིག་གི་རྒྱབ་ལས་ ལྟ་བཤལ་ལས་སྡེ་ དེ་ནང་ར་ ལཱ་འབད་དེ་ཡོད་མི་ འཛིན་སྐྱོང་པ་དང་གཅིག་ཁར་ བརྒྱུད་འཕྲིན་ཐོག་ལས་ འབྲེལ་བ་འཐབ་ཡོདཔ་ཨིན།
དེ་བཟུམ་སྦེ་ ཀུན་གསལ་གྱིས་ ཁ་ཙ་ཡང་ མོ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ལུ་ དཔའ་བཅམ་ཡོདཔ་ཨིན་རུང་ འཛིན་སྐྱོང་པ་དེ་ ངལ་གསོ་སྡོད་ནི་དེ་གིས་ ཕྱད་མ་ཚུགས།
འབྲུག་ལྟ་བཤལ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ བསོད་ནམས་རྡོ་རྗེ་གིས་འབད་བ་ཅིན་ ཁོང་གིས་ གནད་དོན་དེ་ནང་ འབྲེལ་གཏོགས་འབད་ཆོག་པའི་ ཁྲིམས་ལུགས་མེད་ཟེར་ཨིནམ་ད་ མ་གཞི་ ད་རེས་ཀྱི་ གནས་སྟངས་ནང་ གནད་དོན་དེ་ལུ་བརྟེན་ཏེ་ ལྟ་བཤལ་ལས་སྡེ་ལུ་ གནོད་པ་ག་ཅི་ཡང་ མ་བྱུང་རུང་ མ་འོངས་པ་ལུ་ གཞུང་དང་ འབྲེལ་ཡོད་ལས་སྡེ་ཚུ་གི་བར་ན་ དེ་བཟུམ་མའི་དཀའ་ངལ་ཚུ་ ག་དེ་སྦེ་ བཀག་ནི་ཨིན་ནའི་སྐོར་ལས་ གྲོས་བསྟུན་འབད་དགོཔ་འོང་ཟེར་ སླབ་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment