གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

པདྨ་དགའ་ཚལ་རྫོང་གསར་བཞེངས་ཀྱི་ གནད་དོན་ལུ་ གསུངས་གྲོས།

ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ ཚོགས་ཁང་ལུ་གསལ་ཞུ་འབད་བའི་བསྒང་།
 ༩/༧/༢༠༡༢། ༉ འདས་པའི་བདུན་ཕྲག་ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ དྲི་ལན་གྱི་ལས་རིམ་སྐབས་ ནང་སྲིད་དང་ སྲོལ་འཛིན་བློན་པོ་ མི་འགྱུར་རྡོ་རྗེ་གིས་ གསལ་ཞུ་འབད་མིའི་ནང་ འཆར་གཞི་༡༠ པའི་ནང་ རྫོང་གཞིས་༤ གི་ཉམས་གསོའི་ལས་འགུལ་ཚུ་དང་གཅིག་ཁར་ རྫོང་གསར་བཞེངས་ཀྱི་ ལས་འགུལ་ཅིག་ཡོད་མི་ པདྨ་དགའ་ཚལ་རྫོང་གི་ལཱ་དེ་ ད་ལྟོ་ བཟོ་བཀོད་ཟིན་བྲིས་ཀྱི་དོན་ལུ་ རིན་བསྡུར་དང་འབྲེལ་བའི་ ལཱ་ཚུ་འབད་བའི་བསྒང་ར་ཡོད་ཟེར་ཞུ་ཡི།
དེ་ཡང་ བཟོ་བཀོད་ཀྱི་དོན་ལུ་ དང་འདོད་ཞུ་ཡིག་ཕུལ་དགོ་པའི་ གསལ་བསྒྲགས་འབད་བའི་སྐབས་ འབྲུག་ལུ་བཟོ་བཀོད་གྲོས་སྟོན་ལས་སྡེ་༡༩ དེ་ཅིག་ཡོད་པའི་གྲས་ལས་༥ གིས་མ་གཏོགས་ བཅའ་མར་མ་གཏོགས་པས་ཟེར་ཨིནམ་ད་ ཁོང་གི་གྲས་ལས་༡ ཕྱིའི་གྲོས་སྟོན་ལས་སྡེ་ཅིག་ཨིན་མས་ཟེར་ཞུ་ཡི།
སྤ་རོ་འཐུས་མི་ ཨོ་རྒྱན་ཚེ་རིང་གིས་ རྫོང་གསར་བཞེངས་ཀྱི་ བཟོ་བཀོད་དོན་ལུ་ ཕྱིའི་གྲོས་སྟོན་པ་ལག་ལེན་འཐབ་མི་དེ་ འོས་འབབ་ག་དེ་སྦེ་འོང་ག་ཟེར་ཨིནམ་ད་ ཁོ་གིས་འབད་བ་ཅིན་ འབྲུག་གི་ངོ་རྟགས་ངོ་མ་ཅིག་ཨིན་མི་ རྫོང་གཞིས་དེ་ རང་གི་ནང་འཁོད་ཀྱི་མི་གིས་ར་ བཟོ་བཀོད་མ་འབད་བ་ཅིན་ ཕྱི་མི་གིས་ག་དེ་སྦེ་ ཁྱད་ཚད་དང་ལྡནམ་སྦེ་ བཟོ་བཀོད་འབད་ཚུགས་ག་ཟེར་བའི་ དོགས་པའི་དྲི་བཀོད་ཞུ་ཡི།
ནང་སྲིད་བློན་པོ་གིས་ ད་ལྟོ་གྲོས་སྟོན་དང་འབྲེལ་བའི་ གནས་རིམ་ལུ་ཡོད་རུང་ གྲོས་སྟོན་ལས་སྡེ་ག་ལུ་ཡང་ ལཱ མ་སྤྲོད་པར་ རིན་བསྡུར་དང་འབྲེལ་བའི་ བྱ་གོའི་རིམ་པ་ཚུ་ འཐབ་བཞིན་པ་ཨིན་ཟེར་ཞུ་ཡི།
མ་གཞི་ ཕྱིའི་གྲོས་སྟོན་ལས་སྡེའི་ཡན་ལག་ཡིག་ཚང་ཅིག་ འབྲུག་ལུ་ཡོད་ནི་དེ་གིས་ དང་འདོད་གསལ་སྟོན་ཞུ་ཡིག་ཕུལ་དགོ་པའི་ གསལ་བསྒྲགས་འབད་བའི་སྐབས་ ཁོང་གིས་ཡང་མཐོང་ཞིནམ་ལས་ བཅའ་མར་གཏོགས་ནུག་ཟེར་ཨིནམ་ད་ ཡན་ལག་ཡིག་ཚང་ཅིག་ འབྲུག་ལུ་ཡོད་མི་དེ་ ཆོག་ཐམ་ཡོད་ནི་དེ་གིས་ཨིནམ་ལས་ དེ་ལུ་ལུགས་མཐུན་མིན་པའི་ གནས་སྟངས་ཅིག་མ་མཐོང་ཟེར་ཞུ་ཡི།
རྫོང་བཞེངས་ནིའི་ནང་ ཉམས་མྱོང་ཡང་ ཕྱིའི་ལས་སྡེ་དེ་ལུ་རྐྱངམ་གཅིག་འདུག་ཟེར་ཨིནམ་ད་ ལས་སྡེ་དེའི་ལས་བྱེདཔ་ཚུ་གིས་ ཆུ་ཁ་དང་ རྩི་རང་གི་ རྫོང་གསར་བཞེངས་ནང་ལུ་ འབྲེལ་གཏོགས་འབད་དེ་ ཉམས་མྱོང་ཐོབ་ནུག་ཟེར་ཨིན་པས།
འབྲུག་ནང་འཁོད་ཀྱི་ ལས་སྡེ་༥ ལུ་ཡང་ ཁྱད་ཚད་ཀྱིས་མ་ཚུད་དེ་འབད་རུང་ གོ་སྐབས་བྱིན་ནིའི་དོན་ལུ་ དང་འདོད་གསལ་སྟོན་ཞུ་ཡིག་ཚུ་ལེན་ཐོག་ལས་ ཆ་གནས་འབད་ཡོདཔ་ད་ ད་རུང་ ཁོང་གིས་ ལས་འགུལ་གྲོས་འཆར་བཙུགས་དགོཔ་ཨིནམ་ད་ དེ་ནང་ ཚད་གཞི་ཚུ་ཡང་བསྒྱུར་བཅོས་འབད་དེ་ ནང་འཁོད་ལས་སྡེ་ཚུ་གིས་ འགྲན་བསྡུར་འབད་ཚུགསཔ་བཟོ་ཡི་ཟེར་ཨིན་པས།

ནང་སྲིད་བློན་པོ་ལུ་ དྲི་བཀོད་ཞུ་མི་ སྤ་རོ་ ཚོགས་སྡེའི་འཐུས་མི་ ཨོ་རྒྱན་ཚེ་རིང།

ཚད་གཞི་བསྒྱུར་བཅོས་ཡང་ མ་དངུལ་རྩིས་བཀོད་ཀྱི་སྐུགས་ཚད་ བརྒྱ་ཆ་༣༠ དང་ བཟོ་རིག་དང་ རིག་རྩལ་ལུ་སྐུགས་ཚད་བརྒྱ་ཆ་༧༠ སྦེ་བཞག་ཡོདཔ་ད་ ནང་འཁོད་ལས་སྡེ་ཚུ་ འོང་འབབ་ཀྱི་ལྕོགས་གྲུབ་མེད་པར་ མ་དངུལ་ཚད་གཞི་མར་ཕབ་ཐོག་ རིན་བསྡུར་བཙུགས་ཏེ་ དོ་འགྲན་འབད་མི་ཚུགས་ནི་ཨིནཔའི་ཁར་ རྫོང་གསར་བཞེངས་ཀྱི་ལས་འགུལ་ལུ་ མ་དངུལ་ལངམ་ཡོདཔ་ལས་ མ་དངུལ་རྩིས་བཀོད་དང་འབྲེལ་བའི་སྐུགས་ མར་ཕབ་འབད་དེ་ བཟོ་སྐྲུན་དང་རིག་རྩལ་གྱི་སྐུགས་ཚད་དེ་ ཡར་སེང་འབད་ཡི་ཟེར་ཞུ་ཡི།
བཟོ་སྐྲུན་དང་ རིག་རྩལ་གྱི་སྐུགས་ཚད་ ཁག་༢ ལུ་ དབྱེ་ཞིནམ་ལས་ ནང་འཁོད་ལས་སྡེ་ཚུ་ལུ་ ཉམས་མྱོང་ཡོད་མི་མེདཔ་ལས་ ཉམས་མྱོང་གི་སྐུགས་ཚད་དེ་བརྒྱ་ཆ་༡༥ ལུ་མར་ཕབ་དང་ བཟོ་སྐྲུན་དང་ རིག་རྩལ་གྱི་སྐུགས་ཚད་རྒྱ་ཆ་༨༥ ལུ་ དངུལ་རྩིས་ལྷན་ཁག་ལས་ དམིགས་བསལ་གྱི་གནང་བ་ཞུ་སྟེ་ བཟོ་ཡི་ཟེར་ ཞུ་ཡི།
ཐབས་ཤེས་དེ་ཚུ་ག་ར་ ནང་འཁོད་ཀྱི་ལས་སྡེ་ཚུ་ལུ་ གོ་སྐབས་བྱིན་ཐབས་ལུ་ཨིནམ་མ་ཚད་ ལྷན་ཁག་གིས་འབད་བ་ཅིན་ མཉམ་འབྲེལ་ཐོག་འབད་འོང་མནོ་བའི་རེ་བ་ཡོད་རུང་ ད་ཚུན་ ལས་སྡེ་ཚུ་མཉམ་འབྲེལ་འབད་ནིའི་ལོ་རྒྱུས་མིན་འདུག་ཟེར་ཞུ་ཡི།
རྒྱ་གར་གཞུང་གིས་ འབྲུག་གི་རྫོང་གཞིས་ཉམས་གསོ་དང་ གསར་སྐྲུན་གྱི་དོན་ལུ་ གྲོགས་རམ་མ་དངུལ་ དངུལ་ཀྲམ་ ས་ཡ་༤༥༠ གནང་ཡོད་མི་ལས་ དངུལ་ཀྲམ་ ས་ཡ་༢༥༠ པདྨ་དགའ་ཚལ་ རྫོང་གསར་བཞེངས་ཀྱི་དོན་ལུ་བཞག་ཡོདཔ་ད་ དེ་ལས་ དབང་འདུས་རྫོང་དང་ ལྷུན་རྩེ་ སྤ་རོ་ དར་དཀར་ནང་རྫོང་ཚུ་ཡང་ ཉམས་གསོ་ཞུ་ནི་འགོ་བཙུགས་ཏེ་ དབང་འདུས་རྫོང་མེ་མཆོད་མ་བཞེས་པའི་སྐབས་ལུ་ ཉམས་གསོའི་ལཱ་ བརྒྱ་ཆ་༧༠ དེ་ཅིག་གྲུབ་ཚར་ཡི་ཟེར་ ཞུ་ཡི།
འདས་པའི་རིང་ལུ་ ས་ཡོམ་གྱིས་རྐྱེན་ངན་ལུ་བརྟེན་ ལྷ་ཁང་དགོན་སྡེ་༢༨༥ དེ་ཅིག་ལུ་གནོད་སྐྱོན་ཞུགས་མི་ཚུ་ཡང་ གསར་བཞེངས་འབད་དགོཔ་ཡོདཔ་ད་ འཆར་གཞི་༡༡ པའི་ནང་ བསམ་རྩེ་དང་ གསར་སྤང་ དེ་ལས་ བསམ་འགྲུབ་ལྗོངས་མཁར་ཚུ་ནང་ རྫོང་གསརཔ་བཞེངས་ནི་གི་ འཆར་གཞི་ཡང་ ཡོད་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment