གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱབས་རྗེ་མཆོག་གིས་ བཀའ་ཁྲིད་ཞུ་མི་ཚུ་ རྡོ་རྗེ་སྤུན་བསྡོམས་གནང་ཡོདཔ།

རྡོ་རྗེ་སྤུན་བསྡོམས་མི་ཚུ་གིས་ མཉམ་འཛོམས་ཐོག་ལས་ བཞེས་སྤྲོ་འབད་བའི་བསྒང་།

༩/༧/༢༠༡༢། ༉ ཧཱ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀའ་ཁྲིད་གནང་པའི་བསྒང་ཡོད་མི་དང་འཁྲིལ་ ཁ་ཙ་ བཀའ་ཁྲིད་ཞུ་མི་ཚུ་ རྡོ་རྗེ་སྤུན་བསྡོམས་གནང་ཡོདཔ་ད་ རྡོ་རྗེ་སྤུན་སྡེ་ཚན་རེ་ནང་ དགེ་སློང་རེ་རྩིསཝ་ད་ མི་གྲངས་༧ རེ་ཡོདཔ་ཨིན་པས།

ཧཱ་གྲྭ་ཚང་གི་བླམ་གནས་བརྟན་ པ་སངས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ རྡོ་རྗེ་སྤུན་ཟེར་མི་དེ་ རྟེན་འབྲེལ་རབ་བདུན་དང་ སངས་རྒྱས་རབ་བདུན་བཟུམ་ཅིག་ལུ་ ཆ་གནས་འབདཝ་ཨིན་ཟེར་ཨིནམ་ད་ ཆོས་ཀྱི་ནང་ལས་འབད་རུང་ རྩ་བའི་བླམ་ལས་ ཁྲིད་དང་ ལུང་ཞུ་ཞིནམ་ལས་འགོ་བཙུགས་ རྟེན་འབྲེལ་རབ་བདུན་གྱི་ ཚོགས་འཁོར་བསྐོར་ནིའི་དོན་ལུ་ རྡོ་རྗེ་སྤུན་བསྡོམས་དགོཔ་སྦེ་ ཡོད་ཟེར་ཨིན་པས།
སྐྱ་སེར་ཕོ་མོ་ ལ་ལུ་ཅིག་གིས་འབད་བ་ཅིན་ རྡོ་རྗེ་སྤུན་ཟེར་མི་དེ་ ཚེ་ཕྱི་མའི་སྤུན་ཆ་ཨིན་ཟེར་ཡང་ སླབ་དོ་ཡོདཔ་ད་ རྡོ་རྗེ་སྤུན་བསྡོམས་ཚར་བའི་ཤུལ་ལུ་ སྤུན་ཆ་ཚུ་ རང་སོའི་སྡེ་ཚན་བཟོ་ཞིནམ་ལས་ ཐ་དང་དམ་ཚིག་བརྩི་བའི་ཚུལ་ལུ་ ཇ་དང་ བསིལ་ཆུ་ བཞེས་སྒོའི་རིགས་ཚུ་ སྦུག་ལུ་བཙུགས་ཏེ་ དགའ་སྤྲོ་དང་བཅས་པའི་སྒོ་ལས་ དམ་ཚིག་གི་གསལ་སྟོན་འབདཝ་ཨིན་པས།
དལ་འབྱོར་གྱི་དབང་པོ་ཚང་ཞིནམ་ལས་ བཀའ་ཁྲིད་ཞུ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ རང་གི་རྩ་བའི་བླམ་ལས་ཞུ་བའི་ ཆོས་དེ་ ཉམས་སུ་བླངས་ཞིནམ་ལས་ ཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ འཐོབ་ནིའི་དོན་ལུ་ཨིན་ཟེར་ ཧཱ་ལྷ་ཁང་དཀར་པོའི་སློབ་དཔོན་ ཉིམ་རྡོ་རྗེ་གིས་ བཤདཔ་ཨིན་པས།
བཀའ་ཁྲིད་དེ་ཡང་ ཧཱ་རྫོང་ཁག་བདག་སྐྱོང་གི་ གདོང་ཕྱོགས་ལུ་ཡོད་པའི་ ཐང་ནང་གུར་སྤུབས་ཐོག་ལས་ གནང་དོ་ཡོདཔ་ད་ བཀའ་ཁྲིད་ཞུ་མི་ཡང་ རྫོང་ཁག་གི་དང་ཅན་མི་སེར་གྱིས་མ་ཚད་པར་ རྫོང་ཁག་སོ་སོ་ཚུ་ནང་ལས་ཡང་ མི་སེར་སྟོང་ཕྲག་ལས་བཅད་དེ་ འཛོམས་ཡོད་པའི་ཁར་ རྫོང་ཁག་༡༡ གི་ གྲྭ་ཚང་ཚུ་ནང་ལས་ དགེ་སློང་༢༨༥ དེ་ཅིག་བཀའ་ཁྲིད་གནང་སར་ཡོདཔ་ཨིན་པས།
སྐྱེས་ལོ་༣༢ ལང་མི་ ཚེ་རིང་ཆོས་སྒྲོན་གྱིས་འབད་བ་ཅིན་ རྡོ་རྗེ་སྤུན་བསྡོམས་ཚར་བའི་ཤུལ་ལུ་ སེམས་ཁར་ ཚོར་སྣང་ཡང་ མ་འདྲཝ་ཅིག་སྦེ་ བྱུངམ་མས་ཟེར་ཨིནམ་ད་ རང་གི་རྡོ་རྗེ་སྤུན་ཚུ་དང་ཕྱད་ཚུགས་ནི་དེ་གིས་ སེམས་ལུ་སྤྲོ་སྣང་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ད་ལས་ཕར་ མོ་རའི་རྡོ་རྗེ་སྤུན་ཚུ་ལུ་ ཕམ་གཅིག་གི་བུ་གཞི་བཟུམ་མའི་ འདུ་ཤེས་དང་ དམ་ཚིག་བསྐྱེད་དེ་ སྡོད་ནི་ཨིན་ཟེར་ཨིན་པས།
ས་གནས་ཁག་སོ་སོ་ནང་ལས་ བཀའ་ཁྲིད་ཞུ་བར་འོང་མི་ ལ་ལུ་ཅིག་ ཧཱ་ཁྲོམ་ཁར་ ཁང་གླར་སྡོད་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ དཀར་མཚོ་འབྲིང་རིང་སློབ་གྲྭ་བར་མའི་ སློབ་ཁང་ནང་ སྡོད་ཡོདཔ་མ་ཚད་ ཕྱི་ཁ་ལས་ཕར་ གུར་སྤུབ་སྟེ་སྡོད་མི་ཡང་ལེ་ཤ་ཅིག་ར་ཡོདཔ་ཨིན་པས།
ཧཱ་ཁྲོམ་ཁར་ ཁང་གླ་སྤྲོད་དེ་སྡོད་མི་ པདྨ་བཟང་མོ་གིས་འབད་བ་ཅིན་ སྐྱབས་རྗེ་རིན་པོ་ཆེ་མཆོག་གིས་ འདི་བཟུམ་གྱི་བཀའ་ཁྲིད་གནང་པའི་སྐབས་ ཟད་འགྲོ་ག་དེམ་ཅིག་རང་ བཏང་དགོཔ་ཐོན་རུང་ ཕང་སེམས་སྐྱེད་དགོཔ་མེད་ཟེར་ཨིནམ་ད་ དེ་ཡང་ འདི་བཟུམ་གྱི་བཀའ་ཁྲིད་ཚུ་ ང་བཅས་ཀྱིས་ ནམ་དགོཔ་ཅིག་ ཞུ་ཆོག་ཆོ་མེད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
བདུན་ཕྲག་༢ ཀྱི་རིང་ འགོ་འདྲེན་འཐབ་དོ་ཡོད་པའི་ བཀའ་ཁྲིད་དེ་ རང་ཟླ་༥ པའི་ཚེས་༢༨ ལུ་ མགོན་པོའི་བཏང་རག་དང་ ཚོགས་འཁོར་བསྐོར་ཐོག་ལས་ འགྲོལ་གནང་ནི་དང་ བཀའ་ཁྲིད་དེ་ཡང་ སྨོན་ལམ་ཆེན་མོ་དང་ ཁྱུང་བདུད་ཚོགས་པ་༢ ཀྱིས་ སྐྱབས་རྗེ་རྗེ་མཁན་མཆོག་ལུ་ གསོལཝ་བཏབ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment