གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལུ་ གནམ་འབྱ་གྱི་དུས་སྟོན་ནང་ བཅའ་མར་གཏོགས་མི་ མར་བབས་སོང་ཡོདཔ།

དུས་སྟོན་ནང་ འགྲེམས་སྟོན་འབད་མི་ ཧཱ་གི་ཐོན་སྐྱེད་ཚུ།
  ༡༡/༧/༢༠༡༢། ༉ ཧཱ་རྫོང་ཁག་དང་ འབྲུག་ལྟ་བཤལ་ཚོགས་སྡེ་གིས་ ལོ་བསྟར་བཞིན་དུ་འགོ་འདྲེན་འཐབ་སྲོལ་ཡོད་མི་ གནམ་འབྱ་གི་ དུས་སྟོན་དེ་ ཁ་ཙ་མཇུག་བསྡུ་ཡོདཔ་ཨིན་པས།
དུས་སྟོན་བརྩི་སྲུང་འབད་སའི་ཐང་ནང་ལུ་ བཞེས་སྒོ་གི་ཚོང་ཁང་༧ སོ་ནམ་འགྲེམས་སྟོན་༡ དེ་ལས་ ལག་བཟོ་ཚོང་ཁང་༧ བཙུགས་ཡོདཔ་ཨིན་པས།

བཞེས་སྒོ་ཚོང་ཁང་བཙུགས་མི་ སྐྱེས་ལོ་༥༣ ལང་མི་ ཨམ་ཚེ་རིང་སྒྲོལ་མ་གིས་ ན་ཧིང་ གནམ་འབྱ་གི་དུས་སྟོན་བརྩི་སྲུང་གི་སྐབས་ལུ་ཡང་ ཚོང་ཁང་བཙུགས་ཡོདཔ་ད་ མོ་གིས་འབད་བ་ཅིན་ ན་ཧིང་དང་ཕྱདཔ་ད་ དུས་ཅི་གི་ ཚོང་འབྲེལ་དེ་ བརྒྱ་ཆ་༦༠ དེ་ཅིག་གི་རྩིས་ མར་བབས་སོ་ནུག་ཟེར་ཨིན་པས།
ཏཱ་ར་ཡ་ན་ ཚོང་ཁང་གིས་འབད་བ་ཅིན་ ན་ཧིང་ཉིན་གྲངས་༢ ནང་ འོང་འབབ་དངུལ་ཀྲམ་༤༠,༠༠༠ བཟོ་ཡོདཔ་ཨིན་རུང་ དུས་ཅི་ ཉིནམ་དང་པམ་དེ་ནང་ དངུལ་ཀྲམ་༩,༠༠༠ ལས་ཐོབ་མ་ཚུགས་ཟེར་ཨིན་པས།
ཧཱ་ རྫོང་བདག་རིག་འཛིན་རྡོ་རྗེ་གིས་འབད་བ་ཅིན་ གནམ་འབྱ་གི་དུས་སྟོན་དེ་ ན་ཧིང་འགོ་བཙུགས་ཡོདཔ་བཞིན་དུ་ ཁོང་གིས་ ན་ཧིང་ བརྩི་སྲུང་དང་འཁྲིལ་ཏེ་ར་འབད་ནི་སྦེ་ ཐག་བཅད་ཅི་ཟེར་ཨིནམ་ད་ དུས་ཅི་ བཀའ་ཁྲིད་གནང་ནི་དང་ གནམ་འབྱ་གི་ དུས་སྟོན་༢ ཁ་ཐུག་རྐྱབ་མི་ལུ་བརྟེན་ ས་གནས་ཀྱི་ མི་སེར་ཚུ་གིས་ བཀའ་ཁྲིད་ཞུ་སྡོད་དེ་ ལས་རིམ་ནང་བཅའ་མར་གཏོགས་མ་ཚུགས་པས་ཟེར་ཨིན་པས།
སང་ཕོད་ཀྱི་དུས་སྟོན་ནང་འབད་བ་ཅིན་ ན་ཧིང་བཟུམ་སྦེ་ར་ བཅའ་མར་གཏོགས་མི་ལེ་ཤ་ཐོན་འོང་ཟེར་ རྫོང་བདག་གིས་བཤད་པའི་ཁར་ ན་ཧིང་གི་ལོ་ནང་ ལྟ་བཤལཔ་༥༢ འོང་ཡོདཔ་ཨིན་རུང་ དུས་ཅི་ ལྟ་བཤལཔ་ཡོངས་བསྡོམས་༤༢ ལས་བརྒལ་མ་ལྷོདཔ་ཨིན་པས།
ལྟ་བཤལ་ནང་འོང་མི་ མེ་ཊི་གིས་འབད་བ་ཅིན་ མོ་གི་ལྟ་བཤལ་ལས་སྡེ་དེ་གིས་ ཧཱ་ལུ་ གནམ་འབྱ་གི་དུས་སྟོན་ཡོད་ཟེར་སླབ་སྟེ་ འོང་ཡི་ཟེར་ཨིནམ་ད་ དུས་སྟོན་བརྩི་སྲུང་འབད་སའི་ས་གནས་ནང་ སྤྲོ་བ་ཆེ་ཏོག་ཏོ་འདུག་ཟེར་ཨིན་རུང་ མོ་གིས་ གཡུས་ཁ་ལས་ཕར་ བཤལ་མ་བལྟ་ནི་དེ་གིས་ ག་དེ་སྦེ་ཡོད་ག་སླབ་མི་ཤེས་པས་ཟེར་ཨིན་པས།
དེ་འབདཝ་ད་ དུས་སྟོན་ནང་ འོང་མི་འགོ་དཔོན་དང་ མི་སེར་ཚུ་གིས་འབད་བ་ཅིན་ ལྟ་བཤལ་ནང་འགྱོ་བ་ཅིན་ སྤྲོ་བ་ཡོད་པའི་ལོ་རྒྱུས་ཚུ་བཤད་ཡོདཔ་ལས་ ཤུལ་ལས་ མོ་གིས་ ལོགས་སུ་སྦེ་ར་འོང་ནི་གི་ མནོ་བསམ་བཏང་ཡི་ཟེར་ཨིན་པས།
དུས་སྟོན་གྱི་སྐབས་ལུ་ ཅ་ཆས་དང་ བཞེས་སྒོ་འགྲེམས་སྟོན་གྱིས་མ་ཚད་པར་ རྩེད་རིགས་ མདའ་དང་ རྡོ་སྒོར་ དེ་ལས་ ཁུ་རུའི་འགོ་འདྲེན་འཐབ་པའི་སྐབས་ ཁུ་རུ་དང་ རྡོ་སྒོར་དེ་ དཀའ་མཚོ་རྒེད་འོག་གིས་ རྒྱལ་ཁ་ཐོབ་ཡོདཔ་ད་ མདའ་རྩེད་ནང་ སྦྱིས་རྒེད་འོག་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
ཉིན་གྲངས་༢ ཀྱི་རིང་འགོ་འདྲེན་འཐབ་མི་ གནམ་འབྱ་གི་དུས་སྟོན་དེ་ ཁ་ཙ་མཇུག་བསྡུ་ཡོདཔ་བཞིན་དུ་ སང་ཕོད་ཡང་ དུས་ཚོད་དེ་ནང་ར་ འགོ་འདྲེན་འཐབ་ནི་ཟེར་ རྫོང་བདག་གིས་བཤདཔ་ཨིན་པའི་གནས་ཚུལ།

ཧཱ་ལས་ ཡེ་ཤེས་སྒྲོལ་མ།



No comments:

Post a Comment