གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོང་དཔོན་ཨམ་སྲུ་གཅིག་ལས་ ཕྱི་དངུལ་འབོར་ཆེ་ཏོག་ཏོ་སྦེ་ འཕྱོག་བཟུང་འབད་ཡོདཔ།

དེ་ཡང་ སྤ་རོ་གནམ་ཐང་ནང་ ཨམ་སྲུ་ཚོང་པ་དེ་གིས་ ཚད་གཞི་ལས་ལྷག་པའི་ ཕྱི་དངུལ་འབག་ཡོད་ནི་དེ་གིས་ ཅ་དམ་འགོ་དཔོན་ཚུ་གིས་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།

༦/༧/༢༠༡༢།  ༉ བདུན་ཕྲག་འདི་གི་ སྔ་ཆ་ལུ་ སྤ་རོ་གནམ་ཐང་གི་ འོང་འབབ་དང་ ཅ་དམ་འགོ་དཔོན་ཚུ་གིས་ ཕྱི་དངུལ་འབག་ཆོག་གི་ ཚད་གཞི་ལས་ལྷག་པའི་ ཏི་རུ་འབག་མི་ ཚོང་དཔོན་ཨམ་སྲུ་ཅིག་ལས་ ཕྱི་དངུལ་འབོར་ཆེ་ཏོག་ཏོ་ འཕྱོག་བཟུང་འབད་ཡོདཔ་ཨིན་པས།
ཕྱི་དངུལ་འབག་ཆོག་པའི་ཚད་གཞི་ལས་བརྒལ་བའི་ ཏི་རུ་འབག་མིའི་གནས་སྟངས་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ སྙན་ཞུ་འབད་དེ་ ཕྱི་དངུལ་ཚུ་འཕྱོག་བཟུང་འབད་དེ་ འབྲེལ་ཡོད་དབང་འཛིན་ལུ་བཏང་ཡོདཔ་ཨིན་པས།

ཨམ་སྲུ་དེ་གིས་ ཕྱི་དངུལ་ག་དེ་ཅིག་ འབག་ཡོདཔ་ཨིན་ན་ དབང་འཛིན་གྱིས་ གསལ་བཀོད་འབད་མ་བཏུབ་ཨིན་རུང་ ཚོང་དཔོན་ཨམ་སྲུ་དེ་གིས་ ཡུ་ཨེསི་ཌོ་ལར་དང་ རྒྱ་ནག་གི་ཏི་རུ་ ཡོ་ཝན་ཚུ་ ཚད་ལས་བརྒལ་ཏེ་འབག་ནུག་ཟེར་ཨིན་པས།
ཚུལ་མིན་དངུལ་ཀྲམ་བཀག་འཛིན་གྱི་ ཁྲིམས་ལུགས་ཟིན་བྲིས་དང་འཁྲིལཝ་ད་ དངུལ་ཀྲམ་༢༥༠,༠༠༠ ལས་ལྷག་པའི་ཏི་རུ་ ཕྱི་དངུལ་ག་ཅིའི་ཐོག་ལས་འཆང་སྤྱོད་འབད་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ དངུལ་འབྲེལ་གསང་བའི་གནས་ཚུལ་སྡེ་ཕྲན་ལུ་ སྙན་ཞུ་འབད་དགོཔ་ཨིན་པས།
སྙན་ཞུ་དེ་ཡང་ འབྲེལ་ཡོད་སྙན་ཞུ་བཀལ་ཆོག་པའི་ ལས་སྡེ་ཚུ་གིས་ འབད་དགོཔ་ཨིནམ་ད་ དེ་ཡང་ སྤ་རོ་གནམ་ཐང་ནང་འབད་བ་ཅིན་ དེ་ཁར་ཡོད་པའི་ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ འབད་དགོཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་དཔོན་ཅིག་གིས་སླབ་མིའི་ནང་ སྙན་ཞུ་དེ་ ཁྲིམས་འགལ་གྱི་ གནས་སྟངས་ཅིག་ཨིན་རུང་ འབྲེལ་གནད་ཅན་གྱི་ ཁྲིམས་འབྲེལ་གྱི་བྱ་རིམ་ཚུ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་ ཧ་མ་གོ་བར་ཡོད་ཟེར་ཨིནམ་ད་ དེ་བཟུམ་མའི་སྙན་ཞུ་དེ་ དབང་འཛིན་གྱིས་ གསང་བའི་གནས་ཚུལ་སྡེ་ཕྲན་ གཞི་བཙུགས་འབད་དེ་ ལོ་༡ ལང་པའི་ཤུལ་ལུ་ འགོ་དང་པ་ཨིན་ཟེར་ཨིན་པས།
ཚུལ་མིན་དངུལ་ཀྲམ་བཀག་འཛིན་གྱི་ ཁྲིམས་ལུགས་དེ་ ད་ལྟོ་ཟིན་བྲིས་ཐོག་ལུ་ཨིནམ་ལས་ ད་རེས་ཀྱི་སྙན་ཞུ་དེ་དང་འབྲེལ་བའི་གནས་སྟངས་དེ་ ད་ལྟོ་ཡོད་པའི་ དངུལ་ཀྲམ་ཕྱིར་བཙོང་དང་ ནང་འདྲེན་གྱི་ ཁྲིམས་ལུགས་ལྟར་དུ་ བྱ་རིམ་འཐབ་དགོཔ་འོང་ཟེར་ཨིན་པས།
དབང་འཛིན་གྱི་ འགོ་དཔོན་དེ་གིས་སླབ་མིའི་ནང་ ད་ལྟོ་ཡོད་པའི་ཁྲིམས་ལུགས་ནང་ དེ་བཟུམ་མའི་ ཚད་ལས་བརྒལ་བའི་ ཕྱི་དངུལ་འབག་མི་ཚུ་གི་དོན་ལུ་ ཉེས་ལས་ཀྱི་ དོན་ཚན་ཁ་གསལ་ག་ནི་ཡང་མིན་འདུག་ཟེར་ཨིནམ་ད་ དྲང་དཔོན་ཚུ་དང་གཅིག་ཁར་ ཁྲིམས་ལུགས་དེ་དང་འབྲེལ་བའི་ གྲོས་བསྟུན་ཚུ་འབད་ཡི་ཟེར་ཨིན་པས།
ཁྲིམས་ལུགས་ནང་ དོན་ཚན་བཀོད་དེ་ ཡོད་རུང་མེད་རུང་ དེ་བཟུམ་གྱི་གནས་སྟངས་ནང་ལྷོདཔ་ད་ འབྲུག་རྒྱལ་གཞུང་གི་ཁྲིམས་དང་འཁྲིལ་ཏེ་ར་ ངོས་ལེན་འབད་དགོཔ་སྦེ་ འཁོད་དེ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་སྙན་ཞུ་ དེ་དང་འབྲེལ་བའི་གནས་སྟངས་དེ་ ཉམས་མྱོང་ཅན་གྱི་ཁྲིམས་སྲུང་འགག་སྡེ་དང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ངོས་ལེན་གནང་ཐོག་ལས་ ལག་ལེན་འཐབ་དགོཔ་བཟུམ་འདུག་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།


No comments:

Post a Comment