གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སྡེ་དང་ རི་དྭགས་སེམས་ཅན་གྱི་བར་ནའི་ དཀའ་ངལ་གྱི་སྐོར་ལས་ དྲི་བ་བཀོད་ཡོདཔ།

༥/༧/༢༠༡༢། ༉ ནགས་ཚལ་དང་སོ་ནམ་ལྷན་ཁག་གིས་ འགོ་འདྲེན་ཐོག་ལས་ མི་དང་ རི་དྭགས་སེམས་ཅན་གཉིས་ཀྱི་བར་ནའི་ བྱ་སྟབས་མ་བདེཝ་བསལ་ཐབས་ཀྱི་དོན་ལུ་ ལཱ་དང་ ལས་རིམ་ འཆར་གཞི་ སྲིད་བྱུས་ དེ་ལས་ ལས་འགུལ་མ་འདྲཝ་ཚུ་བརྩམས་ཏེ་ ལག་ལེན་འཐབ་ཡོདཔ་ལས་ ཧེ་མ་དང་ཕྱདཔ་ད་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་འོགམ་ བསོད་ནམས་ཀུན་དགའ་གིས་ མི་རྗེ་སོ་ནམ་དང་ནགས་ཚལ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་ལུ་ ཚོགས་ཐེངས་༢ པ་ལས་ར་འགོ་བཙུགས་ རྒྱལ་ཁབ་ཀྱི་ མི་སྡེ་གྲོང་གསེབ་ལས་ཕ་སྡོད་མི་ཚུ་ གཙོ་བོ་ སོ་ནམ་དང་ སྒོ་ནོར་སེམས་ཅན་ཚུ་ལུ་བརྟེན་ མི་ཚེ་ འཚོ་སྐྱོང་འཐབ་དོ་ཡོད་པའི་སྐོར་ལས་དྲི་བཀོད་ཞུ་ཡི།


མི་སྡེ་གྲོང་གསེབ་ནང་ བྱ་སྟབས་མ་བདེ་བའི་དཀའ་ངལ་ གནད་ཁག་ཆེ་ཤོས་དང་ སྦོམ་ཤོས་ཅིག་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ཚུ་ལུ་ ལོ་བསྟར་བཞིན་དུ་ གནོདཔ་བཀལ་དོ་ཡོདཔ་ལས་ དེ་བསལ་ཐབས་ཀྱི་དོན་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཐབས་ལམ་གྱི་ གྲོས་ཆོད་བཏོན་ཕུལ་ཡི་ཟེར་ ཞུ་ཡི།
དེ་གི་ཤུལ་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཞིབ་འཚོལ་དང་ དབྱེ་ཞིབ་འབད་ཐོག་ལས་ དཀའ་ངལ་བསལ་ཐབས་ཀྱི་ ཐབས་ལམ་ཁག་༡༢ དེ་ཅིག་ རྒྱལ་གཞུང་ལུ་ བསྐྱར་ཞིབ་ཀྱི་དོན་ལུ་ ཕུལ་ཡོད་མི་དང་འཁྲིལ་ གཞུང་གིས་ཕྱག་ལཱ་མཛད་ཡོདཔ་མ་ཚད་ མི་སྡེ་ལུ་ མོ་བཏབ་ཀྱི་ལས་འགུལ་དང་ ལས་རིམ་ཁག་ཚུ་ གཞི་བཙུགས་འབད་དེ་འཐུས་མི་ཚུ་གིས་ གོ་བརྡ་སྤྲོད་དགོ་པའི་སྐོར་ལས་ཡང་གསུངས་ཡི་ཟེར་ ཞུ་ཡི།
མོ་བཏབ་ཀྱི་ལས་འགུལ་ཚུ་ ག་དེ་ཅི་བརྩམས་ཏེ་འབད་རུང་ གནོད་བཀལ་བའི་གྱངས་ཁ་དེ་ ལོ་གཅིག་བ་ལོ་གཅིག་ ཡར་འཕར་འགྱོ་དོ་ཟེར་བའི་ སྙན་ཞུ་ལྷོད་ཡོདཔ་ལས་ དཀའ་ངལ་ཚུ་བསལ་མ་ཚུགས་པས་ཟེར་ ཞུ་ཡི།
 ད་ཚུན་གྱི་རིང་ལུ་ མོ་བཏབ་ལས་འགུལ་དེ་གིས་ ཕན་རླབས་ཅན་གྱི་གྲུབ་འབྲས་ཚུ་ ག་དེ་སྦེ་ར་ ཐོན་ཡོདཔ་ཨིན་ན་དང་ མོ་བཏབ་ལས་འགུལ་ལུ་བརྟེན་པའི་ གྲུབ་འབྲས་བྱུང་མི་ ཐབས་དང་གནས་སྐབས་ཚུ་ གཡུས་སྒོ་ཚུ་ནང་ལས་ཕར་ ལག་ལེན་འཐབ་ནི་འགོ་བཙུགས་ཏེ་ཡོད་ག་མེད་དེ་ལས་ སྤྱི་ལོ་༢༠༠༨ ལས་ ད་ཚུན་གྱི་བར་ན་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་དང་ སྒོ་ནོར་སེམས་ཅན་ལུ་ གནོདཔ་བཀལ་མིའི་གྱངས་ཁ་དེ་ མར་ཕབ་འགྱོ་དོ་ཡོད་མེད་ཀྱི་གསལ་སྟོན་སྐོར་ལས་ གཞུང་གིས་ ཐབས་ལམ་ཚུ་ ག་ཅི་ར་ཡོདཔ་ཨིན་ན་ཟེར་ ཞུ་ཡི།
མི་རྗེ་བློན་པོ་མཆོག་གིས་ མི་སྡེ་གྲོང་གསེབ་ནང་ རི་དྭགས་ཀྱི་དཀའ་ངལ་དེ་ ད་རེས་ནངས་པ་ བྱ་སྟབས་མ་བདེ་བའི་དཀའ་ངལ་གསརཔ་ཅིག་མེན་པར་ ལོ་བསྟར་བཞིན་དུ་ ཐོནམ་ཐོན་ས་ཡོདཔ་ལས་ སྤྱི་ཚོགས་ནང་ཡང་ རི་དྭགས་ཀྱིས་ གནོདཔ་བཀལ་བའི་སྐོར་ལས་ གསུང་གྲོས་བྱུང་བཞིན་དུ་ར་ ཡོད་ཟེར་དྲི་བའི་ལན་གསལ་ཞུ་ཕུལ་ཡི།
སྤྱིར་བཏང་མི་སེར་ལུ་དཀའ་ངལ་མེདཔ་དེ་ འཛམ་གླིང་རྒྱལ་ཁབ་ ག་ཏེ་ལུ་ཡང་མི་འོང་ཟེར་ཞུ་བའི་ཁར་ ནགས་ཚལ་གྱི་སྲིད་བྱུས་ཡང་ རྒྱལ་ཁབ་ནང་ ནགས་ཚལ་གྱི་ ཁྱབ་ཚད་བརྒྱ་ཆ་༦༠ བཞག་དགོཔ་ད་ སོ་ནམ་གྱི་དོན་ལུ་ ས་ཆ་ བརྒྱ་ཆ་༨ ཡོད་མི་ལས་ ད་ལྟོ་རྒྱལ་ཁབ་ནང་ བརྒྱ་ཆ་༣ ལས་ལྷག་ ལོ་ཐོག་འཛུགས་སྐྱོང་མི་འཐབ་པས་ཟེར་ཞུ་ཡི།
དེ་ཡང་ ཤེས་རིག་དང་ ལཱ་གཡོག་ དེ་ལས་ དཔལ་འབྱོར་གོང་འཕེལ་གྱི་སྲིད་བྱུས་དང་ ཆ་མཚུངས་སྦེ་མ་བཟོ་བ་ཅིན་ བརྒྱ་ཆ་༥ ལས་༨ ཚུན་ ཚལ་མ་ལུ་གྱུར་ཡོད་མི་ཚུ་ཡང་ སོ་ནམ་ཞིང་ལཱ་འབད་མི་ མ་ལང་པའི་དཀའ་ངལ་ལུ་བརྟེན་ཨིན་མས་ཟེར་ཞུ་ཡི།
ལོ་ཐོག་ལུ་ གནོདཔ་བཀལ་མིའི་ རི་དྭགས་སེམས་ཅན་ ས་གནས་ཁག་ཚུ་ནང་ལེ་ཤ་ཡོདཔ་ལས་ ཐབས་དང་གནས་སྐབས་ཚུ་ ག་དེ་ཅི་ར་བཏོན་རུང་ དཀའ་ངལ་དེ་ རྩ་མེད་བཟོ་མི་ཚུགས་ཟེར་ཨིནམ་ད་ དེ་ཡང་ ས་གཞི་མང་ཤོས་ར་ ལེགས་ཤོམ་སྦེ་ ལག་ལེན་འཐབ་མ་བཏུབ་པའི་དཀའ་ངལ་དང་ ལ་ལུ་ཅིག་ ཚལ་མ་ལུ་ གྱུར་སོ་ནི་དེ་གིས་ ཨིན་ཟེར་ཞུ་ཡི།
མོ་བཏབ་ཀྱི་ རིག་པ་དང་ གནས་སྐབས་གསརཔ་༢ བཏོན་ཡོད་ས་ལས་ དང་པ་ ལྷན་ཁག་ལས་ མི་སྡེའི་ནང་ སྒོ་ནོར་དང་ ལོ་ཐོག་སྲུང་སྐྱོབ་སྡེ་ཚན་ གཞི་བཙུགས་འབད་ནིའི་དོན་ལུ་ མ་དངུལ་ཕུལ་ཡོདཔ་བཞིན་དུ་ ཚོགས་པའི་ཁ་ཐུག་ལས་འབད་རུང་ ཉེན་སྲུང་མ་དངུལ་ཚུ་ བསྡུ་ལེན་འབད་ནིའི་སྲོལ་ གཞི་བཙུགས་འབད་མི་དེ་གིས་ ཕན་ཐོགས་བྱུང་རུང་ ལ་ལུ་ཅིག་ནང་ ཞལ་འདེབས་བྱིན་མ་བཏུབ་ལས་ འབད་ཐབས་གཞན་མིན་འདུག་ཟེར་ཞུ་ཡི།
དཀའ་ངལ་མར་ཕབ་ཀྱི་དོན་ལུ་ མ་དངུལ་གཞི་བཙུགས་འབད་ཡོདཔ་ད་ མ་དངུལ་དེ་ཡང་ མི་སེར་ཚུ་གིས་ ཞལ་འདེབས་ས་ཡ་༤ དང་འབུམ་༢ དེ་ཅིག་ ཕུལ་ཡོདཔ་བཞིན་དུ་ སྤྱི་ཚོགས་ཀྱི་འཐུས་མི་ཚུ་ལས་ ཞལ་འདེབས་ཞུ་ནིའི་ གྲོས་འདེབས་ཕུལ་མིའི་ དམིགས་ཡུལ་དེ་ རྒེད་འོག་ནང་ སྒོ་ནོར་དང་ ལོ་ཐོག་ཉེན་སྲུང་གཞི་བཙུགས་འབད་ནིའི་དོན་ལུ་ ཨིན་ཟེར་ཞུ་ཡི།
རི་དྭགས་སྲུང་སྐྱོབ་གླིང་ཁ་ གཞི་བཙུགས་འབད་ཡོད་མི་དེ་ གཞུང་གིས་ བདག་འཛིན་འབད་ཡོདཔ་ད་ དེ་གིས་ མི་སེར་ལུ་ ཕན་ཐོགས་མིན་འདུག་ཟེར་ མནོ་བསམ་བཏང་མི་ལེ་ཤ་ཡོདཔ་ལས་ རི་དྭགས་སྲུང་སྐྱོབ་གླིང་ཁ་གཞི་བཙུགས་དགོ་མི་དེ་ འཛམ་རྒྱལ་རྒྱལ་ཁབ་ཚུ་ལས་ གྲོགས་རམ་གནང་མི་དེ་གིས་ ལམ་བསལ་ནི་ གློག་མེ་བཀྲམ་སྤེལ་ ཤེས་རིག་ གསོ་བ་ བརྒྱུད་འཕྲིན་ དེ་ལས་ གཞན་དང་གཞན་ཚུ་ལུ་ཡང་ ཕན་ཐོགས་བྱུང་སྟེ་ ཡོད་ཟེར་ཞུ་ཡི།
ཐབས་ལམ་གཉིས་པ་དེ་ གློག་ཐག་བཏོན་ཏེ་ གློག་མེའི་རཝ་རྐྱབ་མི་དེ་ཨིནམ་ད་ རྫོང་ཁག་མང་ཤོས་ཅིག་ནང་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་གིས་ཡང་ རི་དྭགས་སེམས་ཅན་ལས་སྲུང་སྐྱོབ་འབད་ནི་ལུ་ ཕན་ཐོགས་སྦོམ་བྱུང་ཡོད་ཟེར་ ཞུ་ཡི།
དུས་ཅི་ གནམ་དགུན་ཚོད་བསྲེ་གི་ ཐོན་ཁུངས་འབོར་ཆེ་ཏོག་ཏོ་འཐོན་ཚུགས་ཐབས་ལུ་ གཙོ་བོར་བཏོན་ཏེ་ ལཱ་འབད་ནི་ཟེར་ཨིནམ་ད་ ཚོད་བསྲེ་སྐྱེ་བཏུབ་པའི་ས་གོ་ཚུ་ནང་ གྲ་སྒྲིག་འབད་དེ་ ཆུའི་དཀའ་ངལ་བསལ་ཐབས་ལུ་ གནམ་འབྱ་གི་ཆརཔ་ཆུ་དེ་ རྫིང་ནང་བསགས་བཞག་ཞིནམ་ལས་ གནམ་དགུན་ ས་ཞིང་དང་ ཚོད་བསྲེ་གི་དོན་ལུ་ ལག་ལེན་འཐབ་ནི་ཟེར་ཞུ་ཡི།
མི་སྡེ་གྲོང་གསེབ་ཚུ་ནང་ ས་གཞི་ཚུ་ ལག་ལེན་འཐབ་ཚུགས་ནིའི་དོན་ལུ་ འཆར་གཞི་གཅིག་ འཕྲུལ་ཆས་ལག་ལེན་འཐབ་ཐོག་ལས་ འཕྲུལ་ཆས་ཀྱིས་ ཨ་རི་བཅད་ནི་ ལམ་བསལ་ནི་ ཆུ་བཏོན་ནི་ དེ་ལས་ འཕྲུལ་ཆས་ལག་ལེན་འཐབ་ཤེསཔ་བཟོ་ནིའི་ དམིགས་ཡུལ་ཡོད་ཟེར་ཨིན་པས།
ཚོང་འབྲེལ་གྱི་དོན་ལུ་ མཛད་ཁང་ཚུ་ཡང་ རྐྱབ་ནིའི་དམིགས་ཡུལ་ཡོདཔ་ལས་ དགོས་མཁོ་ཆེ་བའི་འཕྲུལ་ཆས་དང་ ཐབས་ཤེས་ཚུ་ འཆར་གཞི་བཅུ་གཅིག་པའི་ནང་ བཙུགས་ཡོདཔ་ལས་ དེ་གིས་ མི་སྡེ་གོང་འཕེལ་གཏང་ནི་དང་ མི་སྡེའི་འཚོ་བའི་གནས་སྟངས་ རྒྱལ་ཁབ་རང་མགོ་རང་འདྲོངས་བཟོ་ནི་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment