གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་ཚུ་གིས་ བྱ་རིགས་དང་ རི་དྭགས་སེམས་ཅན་ཚུ་ བསད་དོ་ཡོད་པའི་བྲེལ་ཟིང་།


འབྲུག་གི་ནགས་ཚལ་ཚུ་ནང་ འཁོར་ལམ་གྱི་ མཐའམ་བདའ་སྟེ་ རཝ་རྐྱབ་རྐྱབ་མེདཔ་མ་ཚད་ བརྡ་བྱང་ཚུ་ཡང་ བཙུགས་བཙུགསཔ་མེདཔ་ལས་ འཕྲལ་འཕྲལ་སྦེ་ར་ འཁོར་ལམ་ཁར་ ཧང་སྟོང་མར་ཐོན་འོང་མི་ རི་ཁའི་སེམས་ཅན་ཚུ་ བསད་དོ་ཡོདཔ་ཨིན་པས།
ཐིམ་ཕུ་ས་དམར་རྫིང་ཁའི་ཉེ་འདབས་ལུ་ སྣུམ་འཁོར་དང་ ཁ་ཐུག་རྐྱབ་སྟེ་ བསད་བཞག་མི་ བྱ་གཟིག།
  ༡༡/༧/༢༠༡༢། ༉ འཛམ་གླིང་རྒྱལ་ཁབ་ཚུ་གིས་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བྱིན་མི་ལུ་བརྟེན་ རང་བཞིན་གནས་སྟངས་དང་ ལྷག་པར་དུ་ རི་དྭགས་སེམས་ཅན་ཚུ་གི་ཚེ་སྲོག་ ཉེན་ཁ་ཅན་གྱི་ གནས་སྟངས་ལུ་ གྱུར་ཡོདཔ་མ་ཚད་ རི་དྭགས་སེམས་ཅན་ལེ་ཤ་ཅིག་ར་ སྣུམ་འཁོར་གྱི་ ཐུག་རྐྱེན་ནང་ ཤི་རྐྱེན་བྱུང་དོ་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་ལུ་ཡང་ སྤྱི་ལོ་༡༩༦༠ ལས་ སྣུམ་འཁོར་ལམ་གྱི་ མཐུད་སྦྲེལ་འགོ་བཙུགས་ཏེ་ གོང་འཕེལ་གྱི་གནས་རིམ་ གཞི་བཙུགས་འབད་མི་གིས་ མི་མང་ལུ་ རྒྱལ་སྤྱི་གནས་སྟངས་དང་ དུས་མཐུན་གྱི་ གནས་རིམ་ཅིག་ཨིན་རུང་ རི་དྭགས་དང་ རང་བཞིན་གནས་སྟངས་ཀྱི་དོན་ལུ་ ཡུན་བརྟན་དང་འབྲེལ་བའི་ དཀའ་ངལ་གྱི་གནས་སྟངས་ཅིག་ འགོ་བཙུགས་དོ་བཟུམ་གྱི་ མཐོང་གསལ་བྱུངམ་ཨིན་པས།
འཛམ་གླིང་ནང་ རང་བཞིན་ཉམས་སྲུང་ལུ་ གཙོ་བོར་བཏོན་མི་ མཁས་མཆོག་ཚུ་གིས་ གསལ་བཀོད་འབད་མིའི་ནང་ འཛམ་གླིང་གི་ནུབ་ཕྱོགས་རྒྱལ་ཁབ་ཚུ་ནང་ བྱ་རིགས་ས་ཡ་ལས་བཅད་དེ་ སྣུམ་འཁོར་ལམ་བདའ་སྟེ་ བསད་དོ་ཡོད་པའི་ཁར་ རི་དྭགས་སེམས་ཅན་སྟོང་ཕྲག་སྦེ་ སྣུམ་འཁོར་གྱི་ཐུག་རྐྱེན་ནང་ ཤི་དོ་ཡོདཔ་སྦེ་ཨིན་པས།
འབྲུག་ལུ་འབད་བ་ཅིན་ སྣུམ་འཁོར་ལམ་བདའ་སྟེ་ རི་དྭགས་དང་ བྱ་རིགས་ཚུ་ ཤི་རྐྱེན་བྱུང་བའི་ གནས་སྟངས་དེ་སྦེ་མེད་རུང་ སྣུམ་འཁོར་ལམ་གསརཔ་ བཟོ་སྐྲུན་ཡར་སེང་འབད་བའི་གནས་སྟངས་དང་བསྟུན་ སྣུམ་འཁོར་གྱིས་སྦེ་ རི་དྭགས་སེམས་ཅན་ཚུ་ལུ་ ཤི་རྐྱེན་ཡར་འཕར་འགྱོ་བའི་ མངོན་གསལ་བྱུངམ་ལས་ ཚ་གྱང་ཡོད་ཟེར་ རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱི་ ནགས་ཚལ་གཙོ་འཛིན་འགོ་དཔོན་ བསོད་ནམས་དབང་ཕྱུག་གིས་བཤད་ཅི།
རྒྱལ་སྤྱིའི་གནས་ཚད་ནང་འབད་བ་ཅིན་ འཁོར་ལམ་ཁར་ རི་དྭགས་སེམས་ཅན་ཚུ་ཐོན་པའི་ གནས་སྟངས་དེ་ འགོ་ཐོག་དུས་རབས་༢༠ པའི་ སྔ་ཆ་ལུ་ བཟོ་གྲྭ་གོང་འཕེལ་འགྱོ་མི་ རྒྱལ་ཁབ་ཚུ་ནང་ སྣུམ་འཁོར་དང་ འཁོར་ལམ་གྱི་ལག་ལེན་ འགོ་བཙུགས་མི་ཚུ་ནང་ བྱུང་ཡོདཔ་སྦེ་ཨིན་པས།
ནགས་ཚལ་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ འཁོར་ལམ་ཁར་ རི་དྭགས་སེམས་ཅན་ཚུ་ལུ་ ཤི་རྐྱེན་བྱུང་མི་དེ་ ཚ་གྱང་ཆེ་ཤོས་ཅིག་ཨིནམ་ད་ དེ་ཡང་ ཤ་བདའ་མི་ཚུ་ འཛིན་བཟུང་འབད་ཚུགས་པའི་ ཐབས་ལམ་ཡོད་རུང་ འཁོར་ལམ་བདའ་སྟེ་ སེམས་ཅན་དེ་ཚུ་ སྣུམ་འཁོར་གྱིས་ བསད་མི་ཚུ་ འཛིན་བཟུང་འབད་ཚུགས་པའི་ འོས་འབབ་མེདཔ་མ་ཚད་ གཞུང་ལམ་ཚུ་ རྒྱལ་ཡོངས་གླིང་ཁའི་ ས་ཁོངས་ནང་ལས་ཕར་ཡོདཔ་ལས་ སེམས་ཅན་ཚུ་ ཕར་ཚུར་འགྱོ་བའི་ལམ་ཁར་ ཐུག་རྐྱེན་གྱི་ཉེན་ཁ་ཡང་ སྦོམ་ཡོདཔ་ལས་ དོ་འགྲན་ཅན་གྱི་ གནས་སྟངས་ཅིག་ཨིན་མས་ཟེར་བཤད་ཅི།
ཁོ་གིས་སླབ་མིའི་ནང་ ནགས་ཚལ་དང་ རང་བཞིན་སྲུང་སྐྱོབ་བཅའ་ཁྲིམས་༡༩༩༥ ཅན་མའི་ དོན་ཚན་༢༢ པ་གིས་ སེམས་ཅན་སྲོག་གཅོད་ཀྱི་ གནད་དོན་ཚུ་དང་འབྲེལ་བའི་ ཁྲིམས་ལུགས་གསལ་བཀོད་འབདཝ་ཨིན་རུང་ སྣུམ་འཁོར་ག་གིས་ བསད་བསདཔ་ཨིན་ན་ ཤེས་རྟོགས་འབད་ཚུགས་པའི་ ཐབས་ཤེས་མིན་འདུག་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ ཐབས་ཤེས་ཡོད་རུང་མེད་རུང་ མི་མང་ལུ་ གོ་བ་བརྡ་སྤྲོད་འབད་ནི་དང་ ཉེན་བརྡ་བྱིན་ནི་ དེ་ལས་ ཁྲིམས་ལུགས་ཀྱི་ གནས་རིམ་ཚུ་གསལ་བཤད་འབད་དེ་ མི་མང་གིས་ དེ་ལུ་ ངོས་ལེན་ཐོག་ རྒྱབ་སྐྱོར་འབད་མ་འབད་ལུ་ རག་ལས་ནི་མས་ཟེར་ཨིན་པས།
རི་དྭགས་སྲུང་སྐྱོབ་འབད་ནི་ལུ་ དང་འདོད་ཡོད་མི་ བསོད་ནམས་ཀྱིས་ སླབ་མིའི་ནང་ མི་མང་ལུ་ བརྡ་དོན་རྐྱངམ་གཅིག་མེན་པར་ ཐབས་ཤེས་གཞན་ དཔེ་འབད་བ་ཅིན་ སྣུམ་འཁོར་ལམ་བདའ་སྟེ་ སེམས་ཅན་ཚུ་ ཕར་ཚུར་འགྱོ་སའི་ས་གོ་ ངོས་འཛིན་ཐོག་ རཝ་རྐྱབ་ནི་དང་ ཡང་ཅིན་ བརྡ་བྱང་བཙུགས་པ་ཅིན་ སྣུམ་འཁོར་དེད་གཡོགཔ་ཚུ་གིས་ ས་གནས་དེ་ཁར་ལྷོདཔ་ད་ དྲནམ་བཏོན་ཏེ སྣུམ་འཁོར་བཏངན་མ་གཏོགས་ དེ་ལས་ལྷག་པའི་ ཐབས་ཤེས་གཞན་ མི་མཐོང་པས་ཟེར་ཨིན་པས།
ད་ཚུན་ འབྲུག་གི་ནགས་ཚལ་ཚུ་ནང་ འཁོར་ལམ་གྱི་ མཐའམ་བདའ་སྟེ་ རཝ་རྐྱབ་རྐྱབ་མེདཔ་མ་ཚད་ བརྡ་བྱང་ཚུ་ཡང་ བཙུགས་བཙུགསཔ་མེདཔ་ལས་ འཕྲལ་འཕྲལ་སྦེ་ར་ འཁོར་ལམ་ཁར་ ཧང་སྟོང་མར་ཐོན་འོང་མི་ རི་ཁའི་སེམས་ཅན་ཚུ་ བསད་དོ་ཡོདཔ་ཨིན་པས།
དེ་བཟུམ་མའི་ གནས་སྟངས་བྱུང་མི་དང་ གོང་འཕེལ་གྱི་གནས་སྟངས་དེ་ རང་བཞིན་སྲུང་སྐྱོབ་ཀྱི་ བྲེལ་ཟིང་ངོ་མ་ཅིག་ཨིནམ་ད་ ཐབས་ཤེས་སྣ་ཚོགས་འཚོལ་ཞིབ་འབད་ནི་མ་གཏོགས་ གོང་འཕེལ་གྱི་གནས་རིམ་ནང་ བྲེལ་ཟིང་དེ་དང་འབྲེལ་བའི་ དཀའ་ངལ་དང་ཚ་གྱང་ལུ་ མར་ཕབ་ཀྱི་ འོས་འབབ་མ་མཐོངམ་ཨིན་པས།
དེ་དང་གཅིག་ཁར་ འཕྲལ་ཁམས་ཀྱི་གནས་སྟངས་ནང་ ཐིམ་ཕུ་ ས་དམར་རྫིང་ཁ་འགྱོ་སའི་ འཁོར་ལམ་ཁར་ སྤྱི་ཟླ་༦ པའི་ཚེས་༢༡ ལུ་ སྣུམ་འཁོར་དང་ ཁ་ཐུག་རྐྱབ་སྟེ་ བསད་བཞག་མི་ བྱ་གཟིག་ཅིག་ ནགས་ཚལ་འགོ་དཔོན་ཚུ་གིས་ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

 

No comments:

Post a Comment