གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་ལུ་ ཁྱུང་བདུད་ཀྱི་དགོངས་བཤད་ མ་ཉམས་པར་ཡོདཔ།

ཁྱུང་བདུད་ཀྱི་དགོངས་བཤད་དེ་ མི་སྡེ་ཚན་ཅིག་ལུ་ སློབ་སྟོན་འབདཝ་ད་ མི་༡ གིས་མ་གཏོགས་ ཚིག་ཆ་ཚང་སྦེ་ སླབ་མི་ཚུགས་དོ་ཡོདཔ་ད་ དེ་ཡང་ ལུང་བསྟན་ཅན་གྱི་ ཞབས་ཁྲ་སྦེ་ བརྩིཝ་ཨིན་ཟེར་ཨིན་པས།

ཨམ་སྲུ་ཚུ་གིས་ ཁྱུང་བདུད་ཀྱི་དགོངས་བཤད་ སྦྱང་བ་འབད་བའི་བསྒང་།
  ༡༤/༧/༢༠༡༢། ༉ ཧཱ་རྫོང་ཁག་ནང་ དུས་སྟོན་ག་ཅི་ར་ བརྩི་སྲུང་འབད་རུང་ ཁྱུང་བདུད་ཀྱི་དགོངས་བཤད་ཟེར་ ཨམ་སྲུ་སྡེ་ཚན་ཅིག་ གིས་ དཔའ་བོ་རྐྱབ་དོ་བཟུམ་སྦེ་ ལགཔ་གཡས་པ་ལུ་ ཀྲང་ཀྲི་དང་ གཡོནམ་ལུ་ ཁ་དར་བཤེད་དེ་ རྐྱབ་སྲོལ་ཡོདཔ་འདི་ཨིན་པས།
ཁོང་གིས་གྱོན་མི་དཀྱི་རའི་ གདོང་ཁ་ལས་ རྒྱ་ནག་གི་ ལུགས་སྲོལ་སྒྲིག་སྟེ་ སྤང་ཁེབས་ཅིག་ཡང་ དཔྱངས་སྲོལ་ཡོདཔ་ད་ ཁྱུང་བདུད་དགོངས་བཤད་ཟེར་ གཞས་འཁྲབ་མིའི་ཚིག་དེ་ ཁྱུང་བདུད་ཞུ་བའི་ཞུ་ལུགས་ཚུ་གི་སྐོར་ལས་ཨིན་པས།
དེ་གི་སྐོར་ལས་ ཞབས་ཁྲ་འགོ་ཁྲིད་འབད་མི་ ཧཱ་ལྷ་ཡུལ་ལས་ བཀྲིས་དབང་མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེ་མ་ འབྲུག་གི་སྐུ་ཚབ་ སྡེ་པའི་གཟིམ་དཔོན་ཟེར་མི་ཅིག་ ཡོད་ཟེར་ཨིནམ་ད་ གཟིམ་དཔོན་དེ་ ཚར་༡ རྒྱ་ནག་ལུ་ ལྟ་བཤལ་འགྱོ་བའི་སྐབས་ ཁོ་གིས་ ས་གནས་ནང་གི་ བུམོ་ཚུ་གིས་ ཞབས་ཁྲ་ཅིག་རྐྱབ་ཟེར་ སླབ་པའི་སྐབས་ལུ་ བུམོ་འཇའ་རིསམོ་༧ གྱིས་ ཞབས་ཁྲའི་ཚིག་ག་ར་ ཧཱ་གི་གནས་བདག་ཁྱུང་བདུད་ཀྱི་སྐོར་ལས་ རྐྱབ་མས་ཟེར་ཨིན་པས།
གཟིམ་དཔོན་དེ་གིས་ ཁྱེད་ཀྱི་ཞབས་ཁྲ་དེ་ ག་ཏེ་ལས་ལྷབ་ཅི་ཟེར་ དྲི་བཀོད་འབད་བའི་སྐབས་ བུམོ་ཚུ་གིས་ ཁོང་རའི་ ཕམ་གྱི་སྐབས་ལས་ར་ རྐྱབ་སྲོལ་འདུག་ཟེར་ སླབ་ཡོདཔ་བཞིན་དུ་ ཁོ་གིས་ བུམོ་ཚུ་ལས་ ཞབས་ཁྲའི་ཚིག་ལྷབ་སྟེ་ ད་ལྟོ་ ཧཱ་ལུ་དར་ཡོདཔ་ཨིན་ཟེར་ཨིན་པས།
ཁོ་གིས་ བུམོ་སྡེ་ཚན་༡ ལུ་ ཞབས་ཁྲ་སྟོན་པའི་སྐབས་ ཝང་ཙ་གཡུས་ཚན་ལས་ ཨམ་རིན་ཆེན་སྒྲོལ་མ་ཟེར་ སླབ་མི་ཅིག་གིས་ ཞབས་ཁྲ་དེ་སྦྱང་ཡོད་ནི་དེ་གིས་ ཤུལ་ལས་ ཞབས་ཁྲ་དེ་ར་རྐྱབ་སྲོལ་ཡོད་ཟེར་ཨིན་པས།
ཨམ་བཀྲིས་དབང་མོ་གིས་འབད་བ་ཅིན་ ཁྱུང་བདུད་ཀྱི་དགོངས་བཤད་དེ་ མི་སྡེ་ཚན་ཅིག་ལུ་ སློབ་སྟོན་འབད་ས་ལས་ ཚིག་ཆ་ཚང་སྦེ་ མི་༡ གིས་མ་གཏོགས་ སླབ་མི་ཚུགས་པས་ཟེར་ཨིནམ་ད་ དེ་ཡང་ ལུང་བསྟན་གྱི་ ཞབས་ཁྲ་སྦེ་ བརྩིཝ་ཨིན་ཟེར་ཨིན་པས།
ཤུལ་ལས་ ཨམ་རིན་ཆེན་སྒྲོལ་མ་གིས་ ཞབས་ཁྲ་དེ་ བུམོ་སྡེ་ཚན་༡ ལུ་སྟོན་པའི་སྐབས་ ཨང་རྒས་སངས་རྒྱས་དབང་མོ་གིས་ སྦྱང་ཡོདཔ་ད་ ཧེ་མ་འབད་བ་ཅིན་ དུས་སྟོན་འབད་བའི་སྐབས་ལུ་ ཞབས་ཁྲ་དེ་ མོ་ར་གིས་ར་ ཁྱིད་དེ་རྐྱབ་དོ་ཡོདཔ་ཨིན་རུང་ ད་ལྟོ་ ལོ་ན་རྒས་ནི་དེ་གིས་ རྐྱབ་མི་ཚུགསཔ་ཡར་སོ་མི་དེ་ཡང་ ཨང་རྒས་སངས་རྒྱས་དབང་མོ་དེ་ ད་ལྟོ་སྐྱེས་ལོ་༨༣ ལང་པའི་ཁར་ ཨང་རྒས་རིན་ཆེན་མོ་དེ་ ཚེ་ལས་འདས་ཡོདཔ་ཨིན་པས།
ཨང་རྒས་སངས་རྒྱས་དབང་མོ་གིས་ ཞབས་ཁྲ་རྐྱབ་མ་ཚུགས་སོང་བའི་ཤུལ་ལུ་ ཁྱུང་བདུད་དགོངས་བཤད་ཀྱི་ ཚིག་དེ་ ད་རུང་ ཧཱ་ཡུལ་ཁ་ལས་ ཨམ་བཀྲིས་དབང་མོ་གིས་ སྦྱང་སོཔ་ལས་བརྟེན་ ད་ལྟོ་ དུས་སྟོན་ག་ཏེ་ར་ འགོ་འདྲེན་འཐབ་རུང་ མོ་གིས་རྐྱབ་དོ་ཡོདཔ་ཨིན་པས།
མ་གཞི་ ཁྱུང་བདུད་ཀྱི་དགོངས་བཤད་རྐྱབ་པའི་སྐབས་ལུ་ བུམོ་༧ གྱིས་འབད་ རྐྱབ་དགོཔ་ཨིན་རུང་ ད་རེས་ནངས་པ་འབད་བའི་བསྒང་ལས་ ག་དེ་མང་མང་བཙུགས་ཏེ་རྐྱབ་དོ་ཟེར་ ཨམ་བཀྲིས་དབང་མོ་གིས་བཤདཔ་ཨིན་པས།
དགོངས་བཤད་རྐྱབ་མི་ ཨམ་ཚེ་རིང་དཔལ་མོ་གིས་འབད་བ་ཅིན་ མ་གཞི་ ཞབས་ཁྲ་དེ་ ཕྱི་མི་གིས་ལྟཝ་ད་ འཇམ་ཏོང་ཏོ་བཟུམ་སྦེ་མཐོང་དོ་ཡོདཔ་ཨིན་རུང་ རང་གིས་རྐྱབ་པའི་བསྒང་ལས་ ལཱ་ཁག་འདུག་ཟེར་ཨིན་པས།
ཨམ་བཀྲིས་དབང་མོ་གིས་སྔོན་ཕ་མའི་སྐབས་ལས་ར་ རྐྱབ་སྲོལ་ཡོད་མི་ ཁྱུང་བདུད་དགོངས་བཤད་དེ་ རྒྱུན་མ་ཆདཔ་ལས་ ད་རུང་ ན་གཞོན་ཚུ་ལུ་ སྟོན་དགོཔ་དེ་ཁག་ཆེཝ་ལས་ ད་ལས་ཕར་ ན་གཞོན་ཚུ་ལུ་ སྟོན་ནི་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment