གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲོང་གསེབ་གཡུས་སྒོའི་ནང་ ཀེ་བའི་ཐོན་སྐྱེད་ཡར་དྲགས་གཏང་ཐོག་ལས་ མི་སྡེའི་དཀའ་ངལ་བསལ་ནི།

 ༦/༧/༢༠༡༢། ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེ་ནང་ རྒྱལ་ཁབ་དང་ མི་སྡེའི་དངུལ་ཐོག་གི་ འོང་འབབ་སྦོམ་ཤོས་གཅིགཔ་དེ་ ཀེ་བའི་ ཐོན་སྐྱེད་ཨིནམ་ད་ ཀེ་བའི་ཐོན་སྐྱེད་ལུ་བརྟེན་ གྲོང་གསེབ་མི་སེར་ཚུ་གི་ འཚོ་བའི་གཞི་རྟེན་ངོ་མ་གཅིག་ཨིན་པའི་སྐོར་ལས་ གསུང་གྲོས་གནང་ཡི།
རྒྱལ་ཡོངས་ཚོགས་སྡེའི་ ཁྲིམས་བཟོའི་འཐུས་མི་ བསོད་ནམས་དབྱངས་ཅན་གྱིས་ ཚོགས་ཁང་ལུ་ གསལ་ཞུ་འབད་མིའི་ནང་ ཀེ་བའི་ཐོན་སྐྱེད་ཡར་དྲག་གཏང་ནི་དང་ ཐོན་སྐྱེད་ཚུ་ ཚོང་འབྲེལ་ལེགས་ཤོམ་འཐབ་ཐོག་ལས་ མི་སེར་གྱི་ འོང་འབབ་ལེགས་ཤོམ་བཟོ་ནི་ ཐོན་སྐྱེད་ཡར་དྲག་གཏང་ཐབས་ལུ་ ཐབས་དང་གནས་སྐབས་ སྣ་ཚོགས་བཏོན་ཐོག་ལས་ དཀའ་ངལ་བསལ་དགོ་པའི་སྐོར་ལས་ སྤྱི་ཚོགས་ནང་ གསུང་གྲོས་ལེ་ཤ་ར་གནང་ཡི་ཟེར་ཞུ་ཡི།


སྤྱི་ལོ་༢༠༡༡ ལུ་ འདེམས་ཁོངས་ལྟ་སྐོར་ནང་ སོ་ནམ་གྱི་ཐོན་སྐྱེད་ཚུ་གི་སྐོར་ ཞིབ་དཔྱད་འབད་བར་སོང་བའི་སྐབས་ མི་སེར་མང་ཤོས་ཅིག་གིས་ འཚོ་བ་ཀེ་བ་ལུ་བརྟེན་ཏེ་ མི་ཚེའི་འཚོ་སྐྱོང་དང་ སློབ་གྲྭའི་ཟད་འགྲོ་ སོ་ནམ་གྱི་ཅ་ཆས་ དེ་ལས་ གཞན་དགོས་མཁོ་ཆེ་བའི་ ལཱ་སྣ་ཚུ་ག་ར་ འདི་ལུ་བརྟེན་སྡོད་ནུག་ཟེར་ཞུ་ཡི།
རྫོང་ཁག་༢༠ འི་གྲས་ལས་ ཀེ་བའི་ཐོན་སྐྱེད་ བུམ་ཐང་རྫོང་ཁག་ནང་ ས་ཆ་ཨེ་ཀར་༡༢༣༩ ལས་ མེ་ཊིག་ཊཱོན་༥༨༠༨ དང་ ཆུ་ཁ་ལུ་ ཨེ་ཀར་༡༢༠༨ ལས་ མེ་ཊིག་ཊཱོན་༦༣༤༩ སྤ་རོ་ལུ་ ཨེ་ཀར་༡༠༧༨ ལས་ མེ་ཊིག་ཊཱོན་༤༢༣༣ ཐིམ་ཕུ་ལུ་ ཨེ་ཀར་༦༠༩ ལས་ མེ་ཊིག་ཊཱོན་༣༤༨༡ བཀྲིས་སྒང་ལུ་ ཨེ་ཀར་༡༠༧༩ ལས་ མེ་ཊིག་ཊཱོན་༥༡༩༢ དེ་ལས་ དབང་འདུས་རྫོང་ཁག་ནང་ ས་ཆ་ ཨེ་ཀར་༡༦༧༡ ལག་ལེན་འཐབ་ཡོད་མི་ལས་ ལོ་བསྟར་བཞིན་དུ་ ཐོན་སྐྱེད་ མེ་ཊིག་ཊཱོན་༩༢༨༥ ཐོན་ཡོདཔ་ད་ རྫོང་ཁག་ཚུ་གི་གྲས་ལས་ ཐོན་སྐྱེད་སྦོམ་ཤོས་ར་ དབང་འདུས་རྫོང་ཁག་གི་ མི་སེར་ཚུ་ཨིན་མས་ཟེར་ ཞུ་ཡི།
སོ་ནམ་དང་ ནགས་ཚལ་ལྷན་ཁག་གི་ སོ་ནམ་ཚོང་ལས་མཉམ་འབྲེལ་སྡེ་ཚན་གྱིས་ ཀེ་བ་འཛུགས་སྐྱོང་གི་ལཱ་འབད་མི་ཚུ་གི་ ཐོན་སྐྱེད་ལས་ བརྒྱ་ཆ་༧༢ དེ་ཅིག་ བསམ་གྲུབ་ལྗོངས་མཁར་དང་ ཕུན་ཚོགས་གླིང་ལུ་ ཡོད་པའི་ འབྲུག་ཟ་སྤྱོད་ལས་འཛིན་གྱིས་ རིན་བསྡུར་ཐོག་ལས་ བཙོང་དོ་ཡོདཔ་ཨིན་པས།
ལོ་བསྟར་བཞིན་དུ་ མི་སེར་ཚུ་ ཕྱིར་ཚོང་འཐབ་ནིའི་དོན་ལུ་ ཚོང་འབྲེལ་འཐབ་སའི་ གཞི་རྟེན་མཁོ་ཆས་ཚུ་ མེད་པའི་དཀའ་ངལ་ ཐོན་དང་ཐོན་བཞིན་དུ་ར་ཡོདཔ་ལས་ དེ་སེལ་ཐབས་ལུ་ ལྷན་ཁག་གིས་ ཕྱག་ལཱ་མཛད་དགོཔ་ལེ་ཤ་ཡོད་པའི་གྲས་ལས་ ཀེ་བའི་ཐོན་སྐྱེད་ཚུ་ ལེགས་ཤོམ་འབད་ གསོག་འཇོག་བཞག་ནིའི་དོན་ལུ་ མཛོད་ཁང་དགོཔ་འདུག་ཟེར་ ཞུ་ཡི།
ཁྲིམས་བཟོའི་འཐུས་མི་ ཚེ་དབང་ལྷ་མོ་གིས་ ཀེ་བའི་ཐོན་སྐྱེད་ཚུ་ ལེགས་ཤོམ་སྦེ་ འཛུགས་སྐྱོང་འབད་ཐབས་དང་ འཛུགས་སྐྱོང་འབད་བའི་ཤུལ་ལུ་ ཐོན་སྐྱེད་ཀྱི་ལག་ལེན་ལེགས་ཤོམ་འཐབ་ནིའི་དོན་ལུ་ གཞུང་གིས་ ད་ལས་ཕར་ ལཱ་འབད་དགོ་པའི་ གྲོས་འཆར་༦ ཕུལ་ཡི།
བུམ་ཐང་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་ འཐུས་མི་གཉིས་ཀྱིས་ གྲོས་འདེབས་ཕུལ་མི་ལུ་ རྒྱབ་སྐྱོར་ཕུལ་བའི་ཁར་ སྤྱི་ལོ་༢༠༡༠ ལུ་ ཀེ་བའི་ཐོན་སྐྱེད་ལུ་བརྟེན་ མི་སེར་ལུ་ འོང་འབབ་ལེགས་ཤོམ་བཟོ་ཚུགས་རུང་ སྤྱི་ལོ་༢༠༡༡ ལུ་ ཀེ་བའི་ཐོན་སྐྱེད་ཀྱི་ གོང་ཚད་ལེགས་ཤོམ་ཐོབ་མ་ཚུགསཔ་ལས་ མི་སེར་ལུ་ དཀའ་ངལ་སྦོམ་ཐོན་ཡོད་ཟེར་ཞུ་ཡི།
མི་སེར་ཚུ་ལུ་ བྱ་སྟབས་མ་བདེ་བའི་དཀའ་ངལ་བྱུངམ་ད་ དེ་འཕྲོ་ལས་ བསལ་ཐབས་ལུ་ ཐབས་ཤེས་བཏོན་དགོ་པའི་ཁར་ ལུང་ཕྱོགས་ག་ར་ནང་ སོ་ནམ་ཀྱི་ཐོན་སྐྱེད་ གསོག་འཇོག་དོན་ལུ་ མཛོད་ཁང་རེ་རེ་ཡང་ བཟོ་སྐྲུན་འབད་དགོ་པའི་ གྲོས་འདེབས་ཕུལ་ཡི།
མོང་སྒར་གྱི་ འཐུས་མི་གནས་ཅུ་གིས་ མོང་སྒར་རྫོང་ཁག་ནང་ཡང་ ཀེ་བ་འཛུགས་སྐྱོང་འབད་ཐོག་ལས་ འཚོ་བ་དེ་ལུ་ བརྟེན་སྡོད་མི་ ལེ་ཤ་ཡོད་ཟེར་ཨིནམ་མ་ཚད་ ཤར་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ ངང་ལམ་དྲུང་ཁག་ནང་ ཚོང་སྒྱུར་གྱི་ཁང་དང་ མཛོད་ཁང་ གཞི་བཙུགས་འབད་དགོ་པའི་གྲོས་འདེབས་ཕུལ་ཡི།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ སངས་རྒྱས་བཟང་མོ་གིས་ སོ་ནམ་ལྷན་ཁག་ལས་ རྫོང་ཁག་དང་ ས་གནས་གཞུང་ཚུ་ནང་ མི་སེར་སོ་ནམ་པ་ཚུ་ལུ་ གོ་བརྡ་སྤྲོད་དང་ སྦྱོང་བརྡར་ཚུ་ བྱིན་ནིའི་དོན་ལུ་ སོ་ནམ་འགོ་དཔོན་ཚུ་ བཞག་ཡོདཔ་ཨིན་རུང་ འགོ་དཔོན་ལ་ལུ་ཅིག་གིས་ ཞབས་ཏོག་ལེགས་ཤོམ་སྦེ་ མ་ཞུ་བར་སྡོད་མི་ཚུ་གི་ཞིབ་འཚོལ་འབད་དགོཔ་འདུག་ཟེར་ཞུ་ཡི།
འཐུས་མི་མང་ཤོས་ཅིག་གིས་ རུ་པིའི་དཀའ་ངལ་དེ་ ཀེ་བའི་ཐོན་སྐྱེད་ལུ་བརྟེན་ མར་ཕབ་འབད་ཚུགས་པའི་ འོས་འབབ་ཡོདཔ་ལས་ གཞུང་གིས་ རྒྱལ་ཡོངས་ཚོགས་སྡེ་ལས་ ཕུལ་མི་གྲོས་འདེབས་ཁག་༨ ལུ་ ཕྱག་ལཱ་མཛད་དགོ་པའི་སྐོར་ལས་ ཞུ་བ་ཕུལཝ་བཞིན་དུ་ གྲོས་འདེབས་ཁག་༨ པོ་དེ་ ཚོགས་རྒྱུན་བཙུགས་པའི་སྐབས་ འཐུས་མི་༡༩ གིས་ ཚོགས་རྒྱན་བཙུགས་ཡོདཔ་ལས་ ཆ་འཇོག་གྲུབ་གནང་པའི་གནས་ཚུལ། 

བཀྲིས་ཕུན་ཚོགས།

No comments:

Post a Comment