གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐང་འགྲུལ་པའི་ཉིནམ་གིས་ མི་མང་ལུ་ དཀའ་སྡུག་མྱོང་དོ་ཡོདཔ།

༉ ཕུན་ཚོགས་གླིང་ཁྲོམ་སྡེའི་ནང་སྡོད་མི་ཚུ་ རེས་གཟའ་ལྷག་པ་དེ་ རྐང་འགྲུལ་གྱི་ཉིནམ་སྦེ་ བརྩི་སྲུང་འབད་དོ་ཡོད་མི་ལུ་བརྟེན་ རེས་གཟའ་ཕུརཔ་གི་ཉིན་མར་ སྣུམ་འཁོར་ནང་ འགྲོ་འགྲུལ་འབད་ནི་ལུ་ཡང་ འཚེར་སྣང་བྱུངམ་ཨིན་པས།
རྐང་འགྲུལ་པའི་ཉིན་མར་ སྣུམ་འཁོར་ཚུ་ ལམ་བདའ་སྟེ་ཐོགས་ལུས་པའི་བསྒང་།


དེ་ཡང་ རེས་གཟའ་ལྷགཔ་ལུ་དེ་ རྐང་འགྲུལ་གྱི་ ཉིནམ་སྦེ་ སྣུམ་འཁོར་ཚུ་འགྲོ་འགྲུལ་མ་འབད་བར་སྡོད་དེ་ དེ་གི་ནངས་པ་འབདཝ་ད་ སྣུམ་འཁོར་ ག་ར་བྲེལ་ཟིང་འཐབ་སྟེ་བཀག་ལུས་པའི་ དཀའ་ངལ་སྦོམ་ར་བྱུང་དོ་ཡོད་མི་ལུ་བརྟེན་ རྐང་འགྲུལ་གྱི་ ཉིནམ་བརྩི་སྲུང་འབད་མི་དེ་ འོས་སྦྱོར་ལྡན་པའི་ ལེགས་འཆར་གྱི་གཞི་གནད་ཅིག་ རྩ་ལས་ར་མེན་པས་ཟེར་བའི་ སྐྱོན་བརྗོད་འབད་མི་ ཁྲོམ་སྡེའི་ནང་ མང་སུ་མང་སུ་ཐོན་དོ་ཡོདཔ་ཨིན་པས།
དུས་ཡུན་ཆུ་ཚོད་༡ ལས་ལྷག་སྟེ་ སྣུམ་འཁོར་བཀག་ལུས་མི་ སྣུམ་འཁོར་བཏང་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྐང་འགྲུལ་གྱི་ ཉིནམ་བརྩི་སྲུང་འབད་མི་གིས་ སྣུམ་འཁོར་ ཆེ་ཆུང་མེད་པར་ ཁྲོམ་གྱི་ས་ཁོངས་ཐདམ་ཐད་ཁ་ལས་ཕར་ བཀག་ལུས་དོ་ཡོདཔ་མ་ཚད་ སྒོ་ར་སྒོ་ནང་ལས་འབད་རུང་ སྣུམ་འཁོར་ཐོན་འཛུལ་འབད་མི་ རྫོགས་ནི་ར་མེདཔ་ཅིག་འོང་ནི་འདུག་ཟེར་ཨིན་པས།
སྐྱེས་ལོ་༣༩ ལང་མི་ བློ་བཟང་རྡོ་རྗེ་དེ་ འབྲུག་དངུལ་ཁང་གི་ སྦོ་ལོགས་ཁར་ དུས་ཡུན་ཆུ་ཚོད་༢ དེ་ཅིག་བཀག་ལུས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཕུན་ཚོགས་གླིང་གི་ཁྲོམ་དེ་ ཚོང་འབྲེལ་འབད་སའི་ས་ཁོངས་ ངོ་མ་ཅིག་ཨིནམ་ལས་ རྫོང་ཁག་སོ་སོའི་ སྣུམ་འཁོར་ཚུ་ག་ར་ ཁྲོམ་ཚོགས་དེ་ནང་ སྤུངས་འཛོམས་འབད་དོ་ཡོདཔ་ལས་ རྐང་འགྲུལ་པའི་ཉིནམ་གི་ བརྩི་སྲུང་དེ་ མེད་རུང་བཏུབ་ནི་མས་ཟེར་ཨིན་པས།
སྣུམ་འཁོར་བཀག་ལུས་དགོ་མིའི་གནད་དོན་ངོ་མ་ར་ སྣུམ་འཁོར་སྦོམ་ ཅ་ཆས་སྐྱེལ་འདྲེན་འབད་མི་ཚུ་ ཨིནམ་ལས་བརྟེན་ ཕུན་ཚོགས་གླིང་གི་ ཁྲོམ་ཆུང་ཀུ་ཅིག་ནང་ སྣུམ་འཁོར་ཊཱག་༣༠༠ ལྷགཔ་ཅིག་ ག་དེ་སྦེ་ཤོང་ནི་ཟེར་ ས་གནས་ནང་སྡོད་མི་ཅིག་གིས་བཤདཔ་ཨིན་པས།
སྒེར་སྡེ་ཅིག་ནང་ལཱ་འབད་མི་ བསོད་ནམས་ཆོས་སྒྲོན་གྱིས་འབད་བ་ཅིན་ མོ་གི་ཁྱིམ་ནང་ལས་ ཡིག་ཚང་ནང་ལྷོད་ནིའི་དོན་ལུ་ ཨ་རྟག་འབད་བ་ཅིན་ སྐར་མ་༥ འི་ནང་འཁོད་ལུ་ལྷོད་མི་དེ་ རེས་གཟའ་ཕུརཔ་གི་ཚེ་ དུས་ཡུན་ཆུ་ཚོད་༡ འགོར་སོ་ཡི་ཟེར་ཨིནམ་ད་ འདི་བཟུམ་གྱི་གནས་སྟངས་དེ་ འགོ་དང་པ་མེན་ཟེར་ཨིན་པས།
མི་མང་ཤོས་ཅིག་གི་ར་ འབྲུག་རྒྱལ་ཁབ་ནང་ འདི་བཟུམ་གྱི་བྱ་བ་ལུ་ཐུག་པ་ཅིན་ སྣུམ་འཁོར་ནང་ འགྱོ་ནི་ལས་ རྐང་ཐང་སྦེ་ འགྱོ་བ་ཅིན་དྲག་ནི་མས་ཟེར་ སླབ་དོ་ཡོདཔ་ལས་ ལས་འཛིན་ནང་ལཱ་འབད་མི་ཅིག་གིས་ཡང་ ཁོ་རའི་སྣུམ་འཁོར་དེ་ མི་མང་སྐྱེལ་འདྲེན་བཱསི་ བཞག་ཐང་ནང་བཞག་ཞིནམ་ལས་ ཡིག་ཚང་ནང་འགྱོ་དགོཔ་བྱུང་ཡི་ཟེར་ཨིན་པས།
གཞུང་གིས་ ཚོད་དཔག་ཐོག་ལས་སྦེ་ རེས་གཟའ་ལྷག་པ་ལུ་ རྐང་འགྲུལ་གྱི་ཉིནམ་སྦེ་ བརྩི་སྲུང་འབད་མི་དེ་གིས་ རང་བཞིན་གནས་སྟངས་ལུ་ ཕན་ཐོགས་ཡོད་ལུགས་ཚུ་ བཤད་དོ་ཡོདཔ་ཨིན་རུང་ སྣུམ་འཁོར་ཚུ་ ཕྱི་རུའི་ཆུ་ཚོད་༦ ཚུན་བཀག་ལུས་པའི་ཤུལ་ལུ་ བཏང་པའི་བསྒང་ལས་ ག་ར་འུར་བྱེལ་འཐབ་ནི་འགོ་བཙུགས་ཞིནམ་ལས་ མཇུག་བསྡུ་མ་ཚུགས་པར་ སྣུམ་འཁོར་གྱི་བརྡ་སྐད་རྐྱབ་ཐོག་ལས་ ལུསཔ་མས་ཟེར་ཨིན་པས།

དྲུང་ཁག་བདག་སྐྱོང་གིས་བཤད་དོ་བཟུམ་འབད་བ་ཅིན་ རྐང་འགྲུལ་གྱ་ཉིནམ་སྦེ་ བརྩི་སྲུང་འབད་དགོ་མི་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བཀའ་ཨིནམ་ལས་བརྟེན་ མི་སེར་ལུ་བྱ་སྟབས་མ་བདེཝ་ག་དེ་སྦེ་ཐོན་རུང་ ཁོང་ལུ་ འབད་ཐབས་གཞན་ག་ནི་ཡང་མེད་པར་ བཀའ་རྒྱ་འདི་ལུ་ར་གནསཔ་ཨིན་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment