གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་ཨ་ལུ་ཚུ་ རྐངམ་སྦོ་མི་དེ་ ཟས་བཅུད་མེད་མི་ལུ་བརྟེན་ཏེ་ཨིནམ།


ཤེས་རིག་བློན་པོ་ ཋ་ཀུར་སིང་ པའུ་ཌེལ་གྱིས་
 ཟས་བཅུད་སྐོར་ལས་ གསལ་ཞུ་ཕུལ་བའི་བསྒང་།
༤/༧/༢༠༡༢། ༉ བསམ་རྩེ་གི་འཐུས་མི་ ལི་ལཱ་ པར་དཱན་དང་ ཧཱ་གསང་སྦས་ཁའི་འཐུས་མི་ ཚེ་རིང་སྟོབས་རྒྱས་གཉིས་ཀྱིས་ ན་ཧིང་  སྤྱི་ཟླ་༡༢ པའི་ནང་ ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མའི་ སློབ་ཕྲུག་༣༧ སྨན་ཁང་ནང་ བསྐྱལ་བའི་ཁར་ སློབ་ཕྲུག་༢ ལུ་ ཤི་རྐྱེན་བྱུང་མི་དེ་ འབྲུག་མི་ཡོངས་ལུ་ རྣམ་རྟོག་ལང་དགོཔ་བྱུང་ཡོདཔ་མ་ཚད་ ན་ཚ་དང་ ཤི་རྐྱེན་གྱི་རྒྱུ་རྐྱེན་ཚུ་ བི་ཊ་མིན་ ཐའི་མིན་ཟེར་མི་དེ་ ལངམ་སྦེ་ཐོབ་མ་ཚུགས་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་བའི་ སྙན་ཞུ་ཕུལ་ཡོདཔ་ལས་ དེ་གི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ ཕྱག་ལཱ་ག་དེ་སྦེ་ར་ གནང་དོ་ཡོདཔ་ཨིན་ན་ཟེར་བའི་ དྲི་བཀོད་ཞུ་ཡི།

སློབ་ཕྲུག་ཨ་ལུ་ཚུ་ རྐངམ་སྦོ་སྟེ་ དཔེ་ཆ་ལྷབ་མ་ཚུགསཔ་བྱུང་བའི་ཁར་ ན་ཚ་དེ་ ཨོ་རོང་རྐྱངམ་གཅིག་ནང་མེན་པར་ མར་ཚ་ལ་སློབ་གྲྭ་ནང་ སློབ་ཕྲུག་༡༠ དང་ བཀྲིས་གཡང་རྩེ་ལུ་ སློབ་ཕྲུག་༦༠ ཡང་སྨན་ཁང་ནང་ བསྐྱལ་དགོཔ་བྱུང་ནུག་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ མ་གཞི་གཞུང་གི་ཁ་ཐུག་ལས་ ལྟོ་ཕོགས་དངུལ་ཀྲམ་༧༠༠ ལས་༡,༠༠༠ ལུ་ ཡར་སེང་འབད་ཡོད་རུང་ ནད་གཞི་དེ་ ཟ་སྤྱོད་ལང་དང་ མ་ལང་པའི་སྐོར་ལས་མེན་པར་ ཟས་བཅུད་ཅན་ཐོབ་དང་ མ་ཐོབ་པའི་སྐོར་ལས་ཨིན་མས་ཟེར་ ཞུ་བའི་ཁར་ མཐའ་ཟུར་གྱི་ གཡུས་ཚན་ནང་སྡོད་མི་ སློབ་ཕྲུག་ཚུ་ གཡུས་ཁར་ དབུལ་ཕོངས་ཀྱི་ དཀའ་ངལ་ཡོད་དེ་འབད་རུང་ ནད་གཞི་འདི་ཐོབ་ནི་མེདཔ་ལས་ ནད་གཞི་ཐོབ་མི་དེ་ གཙོ་བོ་ར་ ལྟོ་ཐོབ་སློབ་གྲྭ་ནང་ སྡོད་མི་ཚུ་ཨིན་མས་ཟེར་ཞུ་ཡི།
ཤེས་རིག་བློན་པོ་ ཋ་ཀུར་སིང་ པའུ་ཌེལ་གྱིས་ ཞུ་མི་དང་འཁྲིལཝ་ད་ མ་གཞི་ ནད་གཞི་ཚུ་ མི་ཐོབ་ནིའི་དོན་ལུ་ ཤེས་རིག་ལྷན་ཁག་གིས་ ཐབས་ཤེས་ལེ་ཤ་ཅིག་ར་ བཏོན་དོ་ཡོདཔ་མ་ཚད་ སློབ་ཕྲུག་ཚུ་གི་ ལྟོ་ཕོགས་ཡང་ དངུལ་ཀྲམ་༧༠༠ ལས་༡,༠༠༠ ལུ་ ཡར་སེང་འབད་ཡི་ཟེར་ཨིན་པས།
ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ ནད་གཞི་ལུ་བརྟེན་ཏེ་ སློབ་ཕྲུག་ཨ་ལུ་ཚུ་ལུ་ ཤི་རྐྱེན་བྱུང་བའི་སྐབས་ ཕམ་ཚུ་ལུ་ སྡུག་བསྔལ་ཕོག་དོ་བཟུམ་སྦེ་ར་ ང་བཅས་ཤེས་རིག་ལྷན་ཁག་ལུ་ཡང་ སྡུག་བསྔལ་ཚུ་ཕོག་ཅི་ཟེར་ཞུ་ཡི།
ཤེས་རིག་བློན་པོ་གིས་འབད་བ་ཅིན་ ཨོ་རོང་གི་ ནད་གཞི་ཐོན་པའི་ཤུལ་ལས་ར་ གསོ་བའི་ལྷན་ཁག་གིས་ ཚོགས་པ་བཟོ་སྟེ་ སློབ་གྲྭ་ནང་ བརྟག་དཔྱད་འབད་བར་སོང་ཡོདཔ་མ་ཚད་ རྫོང་ཁག་དང་ ཤེས་རིག་ལྷན་ཁག་གི་ཁ་ཐུག་ལས་ཡང་ བརྟག་དཔྱད་ཚུ་ལེགས་ཤོམ་སྦེ་ར་ འབད་ཡི་ཟེར་ཞུ་ཡི།
སློབ་ཕྲུག་ཨ་ལུ་ཚུ་གི་ བཞེས་སྒོའི་ནང་ལུ་ ཟས་བཅུད་མིན་འདུག་ཟེར་ གསོ་བའི་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ སྙན་ཞུ་འབད་བའི་ཁར་ ཤེས་རིག་ལྷན་ཁག་དང་ གསོ་བའི་ལྷན་ཁག་ དེ་ལས་ སོ་ནམ་ལྷན་ཁག་ཚུ་ མཉམ་རུབ་ཐོག་ལས་ ཞིབ་འཚོལ་འབད་དེ་ ལཱ་འབད་ནིའི་ སྲིད་བྱུས་ཚུ་ཡང་བརྩམས་ཚར་ཡི་ཟེར་ཞུ་ཡི།
ཤུལ་ལས་ གནས་སྟངས་དེ་བཟུམ་ མི་ཐོན་ནིའི་དོན་ལུ་ གསོ་བའི་ལྷན་ཁག་གིས་ སློབ་ཕྲུག་ག་ར་ལུ་ བི་ཊ་མིན་སྨན་ བཀྲམ་སྤེལ་འབད་དོ་ཟེར་ཨིནམ་ད་ ཤེས་རིག་བློན་པོ་གིས་འབད་བ་ཅིན་ རྒྱལ་ཁབ་ཀྱི་ བསིལ་དྲོད་འགྱུར་བ་འགྱོ་བའི་བསྒང་ལས་ ནད་གཞི་འདྲ་མིན་སྣ་ཚོགས་ཐོནམ་མས་ཟེར་ ཚོགས་ཁང་ལུ་ཞུ་ཡི།
འཕྲལ་ཁམས་ཅིག་ཁར་ ལྷན་ཁག་གིས་ སློབ་གྲྭ་དང་ ཤེས་རིག་འགོ་དཔོན་ དེ་ལས་ རྫོང་བདག་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་པའི་སྐབས་ སློབ་ཕྲུག་༡ རྐྱངམ་གཅིག་ལུ་ ན་ཚ་བྱུང་ཡོདཔ་མ་གཏོགས་ གནས་སྟངས་ཚུ་ ལེགས་ཤོམ་སྦེ་ར་ ཡོད་ཟེར་བའི་སྙན་ཞུ་ཐོབ་ཅི་ཟེར་ཞུ་ཡི།
གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ ཞུ་མི་དང་འཁྲིལཝ་ད་ ཨོ་རོང་ལུ་ ནད་གཞི་ཐོན་པའི་ཤུལ་ལུ་ དེ་འཕྲོ་ལས་ སློབ་ཕྲུག་ཚུ་ རྒྱ་གར་གོ་ཧ་ཊི་སྨན་ཁང་ནང་ བཏང་ཡི་ཟེར་ཨིནམ་ད་ དེའི་སྐབས་ལུ་ ཨ་ལུ་ཚུ་ལུ་ ཟས་བཅུད་མེད་པའི་ ངོས་འཛིན་བྱུང་ཡི་ཟེར་ཨིན་པས།
ཨོ་རོང་སློབ་གྲྭ་ནང་ ནད་གཞི་ཐོབ་མི་ སློབ་ཕྲུག་ཚུ་ མི་སེར་ཉམ་ཆུང་གི་ ཨ་ལུ་ཚུ་ཨིནམ་བཞིན་དུ་ དེ་ཡང་ ཕམ་ཚུ་གིས་ ཁྱིམ་ནང་ ཨ་ལུ་ཚུ་ལུ་ ལྟོ་དང་ ཀེ་བ་རྐྱངམ་གཅིག་ བྱིན་དོ་ཡོདཔ་མ་ཚད་ སློབ་གྲྭ་ནང་ལས་འབད་རུང་ ལྟོ་དང་ཀེ་བ་ ཐོབ་མི་ལུ་བརྟེན་ཏེ་ གཟུགས་ཁར་ཟས་བཅུད་ལྡན་པའི་ བཞེས་སྒོའི་རིགས་ཐོབ་མ་ཚུགས་ནི་དེ་གིས་ ཨིན་མས་ཟེར་ཞུ་ཡི།
ཀེ་བ་ནང་ལས་ ཚོད་བསྲེ་གཞན་བཟུམ་སྦེ་ ཟས་བཅུད་ཚུ་ ཐོབ་མི་ཚུགས་ནི་དེ་གིས་ ལྟོ་དང་ཀེ་བ་༢ ཅོག་འཐདཔ་སྦེ་ཡོད་ཟེར་གསལ་ཞུ་འབད་ཡི།
གཟུགས་ཁར་ ཐའི་མིན་ ལངམ་སྦེ་ མེད་པའི་བསྒང་ལས རྐངམ་སྦོ་ནི་ལ་སོགས་པ་ཚུ་ ཐོན་དོ་ཡོདཔ་ད་ སོ་ནམ་བློན་པོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ སློབ་གྲྭའི་ཨ་ལུ་གི་ གྱངས་ཁ་ཡར་སེང་འགྱོཝ་བཞིན་དུ་ གཞུང་ལས་ མ་དངུལ་ལངམ་སྦེ་ མེད་ནི་དེ་གིས་ སྤུས་ཚད་ མར་ཉམས་འགྱོཝ་མས་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།
 

No comments:

Post a Comment