གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཡག་གང་ལྷ་ཁང་གི་ རྒྱབ་ཁུངས་མདོར་བསྡུས།

གཡག་གང་ལྷ་ཁང་།

༥/༧/༢༠༡༢། ༉  མོང་སྒར་གཡག་གང་ལྷ་ཁང་དེ་ མོང་སྒར་ཁྲོམ་ཁར་སྡོད་མི་ ཞི་གཡོགཔ་དང་ ཚོང་པ་ དེ་ལས་ ཉེ་འདབས་གཡུས་ཚན་གྱི་ མི་སེར་ཚུ་གིས་ འདི་ཕྱི་གཉིས་ཀ་ལུ་ སྐྱབས་མགོན་ཞུ་ས་ གཙོ་བོ་ཅིག་ཨིན་མི་དེ་ཡང་ གཏེར་སྟོན་པདྨ་གླིང་པའི་ གདན་ས་རྩ་ཅན་ཅིག་ཨིནམ་ད་ ལྷ་ཁང་དེ་ནང་ གཞན་དང་མ་འདྲ་བའི་ ནང་རྟེན་རྩ་ཅན་ ལེ་ཤ་ཅིག་ར་ བཞུགས་སུ་གསོལ་ཡོད་མི་ལུ་བརྟེན་ཨིན་པས།
གཡག་གང་ལྷ་ཁང་དེ་ མོང་སྒར་ཁྲོམ་ཁ་ལས་ ཀི་ལོ་མི་ཊར་༦ དེ་ཅིག་གི་ ས་གནས་ཁར་ ཆགས་ཡོདཔ་ད་ ཐོག་ཚད་༢ འབད་མི་ ལྷ་ཁང་གི་ ནང་རྟེན་ཚུ་གི་གྲས་ལས་ འོག་ཐོག་ལུ་ དུས་གསུམ་སངས་རྒྱས་དང་ མཆོད་རྟེན་རྣམ་བརྒྱད་ ནོར་ལྷ་ མགོན་པོ་ཚེ་དཔག་མེད་ རྒྱལཔོ་ཧ་ཤང་ དེ་ལས་ གཏེར་སྟོན་པདྨ་གླིང་པ་ཁོ་རའི་ སྐུ་འདྲ་ཚུ་ཡོདཔ་ད་ སྟེང་ཐོག་ལུ་འབད་བ་ཅིན་ དཔལ་ལྡན་ལྷ་མོའི་ མགོན་ཁང་ཨིན་པས།


དེ་མ་ཚད་ གཞན་ཡང་ ནང་རྟེན་གཙོ་ཅན་ཚུ་ཡང་ གཏེར་སྟོན་པདྨ་གླིང་པ་གིས་ བུམ་ཐང་ སྟང་མེ་འབར་མཚོ་ལས་ གཏེར་བཞེས་མི་ སྟོན་པའི་སྐུ་འདྲ་དང་ པདྨ་གླིང་པ་ཁོ་རའི་ ཕྱག་བཟོ་ལས་སྒྲུབ་མི་ཕུར་པ་ ནམ་མཁའི་དབྱིངས་ལས་ ཕུར་བྱོན་མི་ སྤྱན་རས་གཟིགས་ཀྱི་སྐུ་འདྲ་ པད་གླིང་བླ་བརྒྱུད་ཚུ་གི་སྲུང་གའུ་ བྱམས་མགོན་ རྗེ་བཙུན་སྒྲོལ་མ་ ཚེ་དཔག་མེད་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ ལྗགས་ཚིལ་གྱི་རིང་བསྲེལ་ ཨ་ཞེ་སྣང་སའི་རིང་བསྲེལ་ རྟ་མཆོག་བྷ་ལ་ཧའི་ མཆེཝ་ཆ་གཅིག་ དེ་ལས་ ཀླུའི་རྒྱལ་པོ་ བྷ་སུ་རྟའི་ཐོད་པ་དང་ སེར་བ་བཅོམ་ཚུགས་པའི་ དུང་དཀར་ཚུ་ ཡོདཔ་ཨིན་པས།
གཡག་གང་ལྷ་ཁང་ནང་ སྔོན་དང་ཕུ་ལས་ར་ གནང་སྲོལ་ཡོད་པའི་ ཆོས་ཕྱོགས་ཀྱི་ ལས་རིམ་ཚུ་གི་གྲས་ལས་ རྡིག་ཤོས་ར་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་པའི་ སྤྲེལ་ཟླ་ཚེས་བཅུ་ཨིནམ་ད་ ཉིན་གྲངས་༢ དང་༣ གྱི་རིང་ ཚེས་བཅུ་འགོ་འདྲེན་འཐབ་པའི་སྐབས་ ཉིནམ་༡ མོང་སྒར་རྫོང་ཁག་འོག་གི་ འཆམ་རྐྱབ་མི་ཚུ་གིས་ མི་མང་ལུ་ འཆམ་མ་འདྲཝ་ཚུ་ སྟོན་དོ་ཡོདཔ་ཨིན་པས།
དེ་ཡང་ རང་ཟླ་༥ པའི་ཚེས་༡༠ ལུ་ སྤྲེལ་ཟླ་ཚེས་བཅུ་ཟེར་ ཉིནམ་དེ་ཁར་ དྲོ་པ་ གཏེར་སྟོན་པདྨ་གླིང་པའི་ སྐུ་འཆམ་ལས་ འགོ་བཙུགས་ཏེ་ གཤིན་རྗེ་དང་ ཞྭ་ནག་འཆམ་ གསོལ་འདེབས་འཆམ་ གུ་རུ་མཚན་བརྒྱད་ཀྱི་ སྐུ་འཆམ་ཚུ་ གནང་དོ་ཡོདཔ་ལས་ དད་ཅན་ཚུ་གིས་ དེ་བཟུམ་གྱི་ བྱིན་ཅན་སྐུ་འཆམ་ཚུ་ མཇལ་ནི་ཡོདཔ་ལས་ སེམས་དགའ་དོ་ཡོདཔ་ཨིན་རུང་ ལས་རིམ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཟད་འགྲོའི་དཀའ་ངལ་ཡང་ བྱུངམ་མས་ཟེར་ པདྨ་གླིང་པའི་ གདུང་བརྒྱུད་ཀྱི་སྲས་ ཀུན་ལེགས་རྒྱལ་མཚན་གྱིས་ སླབ་ཨིན་པས།
གཡག་གང་ཟེར་ སླབ་མི་དེ་ལུ་ བཤད་སྲོལ་མ་འདྲཝ་ལེ་ཤ་ཡོདཔ་ད་ རྒན་ཤོས་ལ་ལུ་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ གཡག་སྒང་ཟེར་ སླབ་མི་དེ་ གཏེར་སྟོན་པདྨ་གླིང་པ་ བུམ་ཐང་ཕྱོགས་ལས་ ཤར་ཕྱོགས་ཁ་ཐུག་ལུ་བྱོནམ་ད་ གཡག་ལུ་ཆིབས་ཏེ་བྱོན་པའི་སྐབས་ གཡག་གང་ལུ་ སྐུ་ཞག་ཅིག་ བཞུགསཔ་ད་ གཡག་གིས་ ས་དོང་རྐོ་ནི་དེ་གིས་ཨིན་ཟེར་ཨིན་པས།
དེ་གི་ནངས་པར་ ས་གནས་དེ་ཁ་ལས་ བྱོན་ནི་འབདཝ་ད་ ཁོ་རའི་ཆིབས་ གཡག་ཅིག་ཡོད་མི་དེ་ ས་གནས་དེ་ཁ་ལས་ གར་སོང་མེད་པར་ བྱང་ཡོདཔ་ལས་ འཚོལ་བར་འགྱོ་བའི་སྐབས་ ད་ལྟོ་ བཞེངས་ཡོད་པའི་ ལྷ་ཁང་གི་ས་གོ་ནང་ གཡག་དེ་གིས་ ས་དོང་རྐོ་སྟེ་ ཉལ་སྡོད་སར་གཟིགསཔ་ལས་ པདྨ་གླིང་པའི་ཐུགས་ལུ་ ད་འབདན་ ངེ་གི་ལུང་བསྟན་དེ་ ས་གནས་འདི་ནང་ བབས་ནུག་ཟེར་ གདན་ས་ཕྱག་བཏབ་གནང་ཡོདཔ་ཨིན་པས།
ད་རེས་ནངས་པ་ གཡག་གང་ཟེར་ སླབ་དགོ་མི་དེ་ཡང་ ཤར་ཕྱོགས་པའི་ཁ་སྐད་ལས་ ས་དོང་ལུ་ གང་ཟེར་སླབ་དོ་ཡོདཔ་ད་ གཡག་གིས་རྐོ་མི་དོང་ཟེར་ གཅིག་ཁར་སླབ་ད་ ཡོངས་གྲགས་ལུ་ གཡག་གང་ཟེར་ དར་ཁྱབ་སོང་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment