གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེས་ཁྲིམས་ཀྱི་ སྦོམ་ཆུང་དང་འཁྲིལ་ཏེ་ ཏམ་ཁུའི་རིགས་ཚུ་ ལག་ལེན་འཐབ་པའི་དཀའ་ངལ།


འཐུས་མི་རྒྱལ་ཁབ་ཚུ་གིས་ ཏམ་ཁུ་དམ་འཛིན་གྱི་ ཐབས་ལམ་བཏོན་མི་ཚུ་ལུ་ གཙོ་རིམ་བྱིན་མི་ལུ་བརྟེན་ ངལ་རངས་བྱུང་ཡོདཔ་ཨིན་པས། 
 
༡༡/༧/༢༠༡༢། ༉ ཤར་ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་འདི་ ཏམ་ཁུའི་ ཐོན་སྐྱེད་འབད་མི་དང་ ལག་ལེན་འཐབ་མིའི་གྱངས་ཁ་ མཐོ་དྲགས་ཡོད་པའི་ ལུང་ཕྱོགས་ཅིག་ཨིན་པའི་ཁར་ ཏམ་ཁུའི་རིགས་མ་འདྲཝ་ཚུ་ལུ་ བཀག་དམ་གྱི་ ཁྲིམས་ལུགས་ཚུ་ སོ་སོར་སྦེ་ ཡོད་མི་ལུ་བརྟེན་ ད་རེས་ཀྱི་གནས་སྟངས་ནང་ ཏམ་ཁུ་ལག་ལེན་འཐབ་མི་ཚུ་གིས་ ཉེས་ཁྲིམས་ཀྱི་ སྦོམ་ཆུང་དང་འཁྲིལ་ཏེ་ ཏམ་ཁུའི་རིགས་ཚུ་ ལག་ལེན་འཐབ་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།
དེ་ཡང་ ཁ་ཙ་ལས་ ཐིམ་ཕུ་ལུ་སྦེ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ རྒྱལ་ཡོངས་ཏམ་ཁུ་དམ་འཛིན་ལས་རིམ་འཛིན་སྐྱོང་པ་ཚུ་གི་ ཞལ་འཛོམས་འགོ་དང་པ་འཚོགས་ནི་ འགོ་བཙུགས་པའི་སྐབས་ ལུང་ཕྱོགས་ཀྱི་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་མདོ་ཆེན་ ཌོག་ཊར་སམ་ལི་ པི་ལི་ཡཱན་ བང་ཅང་གིས་ འགོ་འབྱེད་འབད་བའི་སྐབས་ སླབ་ཡོདཔ་ཨིན།
དེ་ལུ་བརྟེན་ ལུང་ཕྱོགས་ནང་ ཏམ་ཁུ་དམ་འཛིན་འབད་མི་དང་ མི་མང་གསོ་བའི་མཁས་མཆོག་ཚུ་གིས་ མི་སེར་ཚུ་ལུ་ གོ་བརྡ་སྤྲོད་ཐོག་ལས་ དམ་འཛིན་གོང་འཕེལ་གཏང་ནི་ལུ་ ཐོ་ཕོག་སྟེ་ ཡོད་ཟེར་ཨིན་པས།
དེ་མ་ཚད་ ལུང་ཕྱོགས་ནང་གི་ རྒྱལ་ཁབ་ཚུ་ག་ར་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཏམ་ཁུ་དམ་འཛིན་དཔྱད་ཡིག་ནང་ རྒྱབ་སྣོན་ཆ་འཇོག་འབད་མ་ཚུགས་པར་ཡོད་རུང་ འཐུས་མི་རྒྱལ་ཁབ་ཚུ་གིས་ ཏམ་ཁུ་དམ་འཛིན་གྱི་ ཐབས་ལམ་བཏོན་མི་ཚུ་ལུ་ གཙོ་རིམ་བྱིན་མི་ལུ་བརྟེན་ ངལ་རངས་བྱུངམ་མས་ཟེར་སླབ་ཅི།
ཁོ་གིས་ བཅའ་མར་གཏོགས་མི་ རྒྱལ་ཁབ་༡༡ གི་ འཐུས་མི་ངོ་ཚབ་ཚུ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོའི་གནས་སྟངས་ནང་ རྒྱལ་ཁབ་མང་ཤོས་ཅིག་གིས་ ཏམ་ཁུ་འཐུང་མ་ཆོག་པའི་ ས་ཁོངས་ངོས་འཛིན་དང་ ཏམ་ཁུའི་ཁྱབ་བསྒྲགས་ཚུ་ འབད་དེ་འདུག་ཟེར་ཨིནམ་ད་ ཏམ་ཁུ་ཐོན་སྐྱེད་འབད་མི་ རྒྱལ་ཁབ་༢ ནང་ ཏམ་ཁུའི་ཤོག་སྒམ་ཚུ་གུ་ ཉེན་བརྡའི་པར་རིས་བཀོད་ནི་ཡང་ འགོ་བཙུགས་ཡོདཔ་བཞིན་དུ་ རྒྱལ་ཁབ་གཞན་ཚུ་གིས་ཡང་ དེ་བཟུམ་མའི་ ངོས་ལེན་འབད་ནི་ལུ་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་ འབད་བ་ཅིན་ ཏམ་ཁུའི་ལག་ལེན་ བཀག་ཐབས་འབད་རུང་ ད་རེས་ཀྱི་གནས་སྟངས་ནང་ འཛམ་གླིང་ནང་ ཤི་རྐྱེན་དང་ གནོད་སྐྱོན་གྱི་རྒྱུ་རྐྱེན་ གཙོ་ཅན་ཅིག་སྦེ་ར་ གནས་ཏེ་འདུག་ཟེར་སླབ་ཅི།
དེ་མ་ཚད་ འོང་འབབ་བར་མ་དང་ ཆུང་བ་འབད་མི་ རྒྱལ་ཁབ་ཚུ་ནང་ ཏམ་ཁུ་ལག་ལེན་འཐབ་མི་ཚུ་གི་ དབང་པོ་ལུ་ གནོད་སྐྱོན་སྦོམ་བྱུང་དོ་ཡོདཔ་མ་ཚད་ ལཱ་འབད་ཚུགས་མི་ མི་ཚུ་ཡང་ ལྕོགས་གྲུབ་མེདཔ་ཐལ་དོ་ཡོད་མི་ལུ་བརྟེན་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ཚུ་གི་ དཔལ་འབྱོར་གནས་སྟངས་ལུ་ཡང་ བར་ཆད་སྦོམ་སྦེ་ར་ བྱུང་བཞིན་དུ་ འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༣ ལུ་ འཛམ་གླིང་གསོ་བའི་ཞལ་འཛོམས་ཀྱིས་ འཛམ་གླིང་གསོ་བའི་ལས་ཚོགས་འོག་ལུ་ ཏམ་ཁུ་དམ་འཛིན་དཔྱད་ཡིག་ཅིག་ ཆ་འཇོག་འབད་མི་དང་འཁྲིལ་ སྤྱི་ལོ་༢༠༠༥ ལུ་ དཔྱད་ཡིག་དེ་ རྒྱལ་སྤྱིའི་ནང་ དམ་ཁུ་དམ་འཛིན་གྱི་ ཁྲིམས་མཐུན་ཐབས་ལམ་ ངོ་མ་ཅིག་སྦེ་ འགོ་བཙུགས་ནུག་ཟེར་སླབ་ཅི།
ད་རེས་ཚུན་ འཛམ་གླིང་གི་མི་རློབས་ བརྒྱ་ཆ་༩༠ དེ་ཅིག་གི་རྩིས་འབད་མི་ རྒྱལ་ཁབ་༡༧༤ གིས་ དཔྱད་ཡིག་དེ་ནང་ འཐུས་མི་སྦེ་ འཛུལ་ཏེ་ཡོདཔ་ཨིན་པས།
འབྲུག་གིས་ སྤྱི་ལོ་༣༠༠༣ ལས་ར་ དཔྱད་ཡིག་གི་འཐུས་མི་སྦེ་ འཛུལ་ཞུགས་འབད་དེ་ ཏམ་ཁུ་དམ་འཛིན་འབད་ནི་ལུ་ གཙོ་རིམ་བཟུང་ཐོག་ལས་ ལཱ་འབད་ནི་འགོ་བཙུགས་ཡོདཔ་ཨིན་རུང་ ཁྲིམས་མཐུན་གྱི་ ཅ་ཆས་ཚུ་མེདཔ་ལས་ དམ་འཛིན་གྱི་ལཱ་ལུ་བརྟེན་ རྒྱལ་ཁབ་ནང་ ཏམ་ཁུ་ནག་ཚོང་དང་ ཏམ་ཁུ་དང་འབྲེལ་བའི་ ཁྲིམས་འགལ་གྱི་ལཱ་འབད་མིའི་ དཀའ་ངལ་སྦོམ་ཐོན་ཡི་ཟེར་ གསོ་བའི་བློན་པོ་གིས་ བཤད་ཡོདཔ་ཨིན།
ཨིན་རུང་ སྤྱི་ལོ་༢༠༡༠ ལུ་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༥ པའི་སྐབས་ ཏམ་ཁུ་དམ་འཛིན་གྱི་བཅའ་ཁྲིམས་ ཆ་འཇོག་གནང་མི་དེ་གིས་ རྒྱལ་ཁབ་ནང་ ཏམ་ཁུ་འཛུགས་སྐྱོང་དང་ ཐོན་སྐྱེད་ ཚོང་འབྲེལ་ དེ་ལས་ བཀྲམ་སྤེལ་ཚུ་ འབད་མ་ཆོགཔ་སྦེ་ བཟོ་སྟེ་ཡོད་ཟེར་ ཁོ་གིས་སླབ་ཅི།
དེ་བཟུམ་སྦེ་ ཁ་ཙ་ བཅའ་མར་གཏོགས་མི་ རྒྱལ་ཁབ་ཚུ་གི་ འཐུས་མི་ཚུ་གིས་ཡང་ རང་སོའི་ རྒྱལ་ཁབ་ནང་ ཏམ་ཁུ་དམ་འཛིན་འབད་ནིའི་ནང་ དཀའ་ངལ་ཚུ་ ག་དེ་སྦེ་ར་ བྱུང་དོ་ཡོདཔ་ཨིན་ན་དང་ ཐབས་ལམ་དང་ སྲིད་བྱུས་ཚུ་ ག་བཟུམ་སྦེ་ར་ རྩམ་དོ་ཡོདཔ་ཨིན་ནའི་སྐོར་ལས་ ཉམས་མྱོང་དང་ ཡོན་ཏན་ཚུ་ བརྗེ་སོར་འབད་ཡོདཔ་ད་ ཉིན་གྲངས་༣ འབད་མི་ ཞལ་འཛོམས་དེ་ ནངས་པ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།









No comments:

Post a Comment