གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པིའི་དཀའ་ངལ་ལུ་ ཐབས་ལམ་སྣ་ཚོགས་ཀྱི་གདོང་ལེན།

འབྲུག་མི་ལ་ལུ་ཅིག་གིས་ རྒྱ་གར་གྱི་མི་ཚུ་ལས་ དངུལ་ཀྲམ་ལེན་ཏེ་ འབྲུག་ལུ་བཙུགས་ཞིནམ་ལས་ རུ་པི་དང་ བརྗེ་སོར་ཐོག་ལས་ ཁེ་སང་བཟོ་མི་ཚུ་ རྒྱལ་ཁབ་ལུ་ བརྩེ་བ་མེད་པའི་ རྟགས་མཚན་ཅིག་ ཨིན་མས་ཟེར་ཞུ་ཡི།
 ཁ་ཙ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ 
རྒྱལ་ཡོངས་ཚོགས་འདུ་ནང་ རྒྱལ་ཁམས་ཀྱི་ 
གནས་སྟངས་སྐོར་ལས་ སྙན་ཞུ་ཕུལ་བའི་བསྒང་།

༡༠/༧/༢༠༡༢། ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་ནང་ སྤྱི་ཚོགས་ལྷན་བཞུགས་སྐབས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ རྒྱལ་ཁམས་ཀྱི་ གནས་སྟངས་སྐོར་ལས་ སྙན་ཞུ་ཕུལཝ་ད་ འཕྲལ་ཁམས་ཅིག་ཁར་ འབྲུག་གི་དཔལ་འབྱོར་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་པའི་སྐོར་ལས་ ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ དཀའ་ངལ་དེ་ ཐོན་དགོ་པའི་འབྱུང་ཁུངས་དང་ སེལ་ཐབས་འབད་ནི་ལུ་ ཐབས་ཤེས་ཚུ་ ག་དེ་སྦེ་ར་ བཏོན་ཡོདཔ་ཨིན་ནའི་སྐོར་ལས་ བརྡ་བརྒྱུད་ཚུ་ནང་ཡང་ བཀོད་ཅི་ཟེར་ཨིནམ་ད་ ང་བཅས་ལུ་ རུ་པི་མ་ལང་པའི་ དཀའ་ངལ་དེ་ ཧེ་མ་ལས་ར་ ལན་ཐེངས་ལེ་ཤ་ཅིག་ ཐོན་ཏེ་ཡོད་རུང་ ད་རེས་ཀྱི་ དཀའ་ངལ་བཟུམ་སྦེ་ ནམ་ཡང་མ་ཐོནམ་ད་ དཀའ་ངལ་དེ་ གཙོ་བོ་ར་ རྒྱལ་ཁབ་ཀྱི་ ཕྱིར་ཚོང་འཐབ་མི་དང་ཕྱདཔ་ད་ ནང་འདྲེན་མངམ་ འབད་མི་ལུ་བརྟེན་ཏེ་ བྱུང་ཡོདཔ་སྦེ་ཞུ་ཡི།
དེ་སྦེ་ ནང་འདྲེན་རྒྱ་ཆེ་དྲགས་ འབད་དགོ་མི་དེ་ཡང་ ང་བཅས་རའི་ རྒྱལ་ཁབ་ནང་ རང་གིས་རང་ལངམ་སྦེ་ ཐོན་སྐྱེད་འབད་མ་ཚུགས་ནི་དེ་གིས་ཨིན་རུང་ གནས་སྟངས་དེ་ རང་གི་སྐྱོན་ཆ་ཚུ་ ལེགས་བཅོས་འབད་དགོ་པའི་ དྲན་ཚོར་ལེགས་ཤོམ་ཅིག་ཡང་ ཨིན་མས་ཟེར་ཞུ་ཡི།
དེ་སྦེ་ ནང་འདྲེན་ལུ་ གཙོ་བོར་བཏོན་དགོ་མི་དེ་ཡང་ ང་བཅས་རའི་ རྒྱལ་ཁབ་ནང་ སོ་ནམ་ཐོན་སྐྱེད་ཚུ་ ཡར་དྲག་གཏང་མ་ཚུགས་པའི་ཁར་ གློག་མེ་ལས་འགུལ་ ལེ་ཤ་འགོ་བཙུགས་ཡོད་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཞུ་ཡི།
བློན་ཆེན་གྱིས་ དེ་བཟུམ་མའི་ དཀའ་ངལ་ཚུ་ལུ་བརྟེན་ ང་བཅས་རའི་ རྒྱལ་ཡོངས་ཀྱི་རེ་དོན་ ཐོན་སྐྱེད་ཅན་དང་ ཚད་དམ་ཅན་ དེ་ལས་ རང་མགོ་རང་འདྲོངས་བཟོ་ནིའི་ དམིགས་དོན་ལུ་ཡང་ ཤུགས་བཏོན་མ་ཚུགས་པར་ ལུས་ཡོད་མི་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་ མ་མཐུནམ་ཅིག་ཨིནམ་ལས་ རྒྱལ་ཡོངས་ཀྱི་ ནང་འཁོད་ཐོན་སྐྱེད་ ཡར་དྲག་གཏང་ནི་ལུ་ ཤུགས་བཏོན་དགོཔ་ཡོད་ཟེར་ ཚོགས་དམང་ལུ་ཞུ་ཡི།
དཀའ་ངལ་དེ་ བསལ་ནིའི་དོན་ལུ་ ཐབས་ཤེས་ཁག་མ་འདྲཝ་ ལེ་ཤ་ཅིག་ར་ བཏོན་ཡོད་མི་ཚུ་གི་གྲས་ལས་གཅིག་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ནང་འཁོད་ཀྱི་ ཚོད་བསྲེའི་མཁོ་འདོད་ཚུ་ འགྲུབ་ཚུགས་ནིའི་དོན་ལུ་ སོ་ནམ་པ་ཚུ་དང་ ཁ་སླབ་སྟེ་ཡོད་ཟེར་ཞུ་ཡི།
མ་གཞི་ གཞུང་གིས་ ཟད་འགྲོ་བཏང་མི་ཚུ་གིས་ རུ་པིའི་དཀའ་ངལ་ལུ་ ཐད་ཀར་དུ་ ཕན་གནོད་མེད་དེ་འབད་རུང་ གཞུང་གིས་ ཟད་འགྲོ་ཚུ་ གང་དྲག་འཛིན་སྐྱོང་འཐབ་ནིའི་ ཐབས་ལམ་ཚུ་ བཏོན་གནང་མི་དང་འཁྲིལ་ ན་ཧིང་དང་ཕྱདཔ་ད་ དུས་ཅི་གི་ལོའི་ འཆར་དངུལ་ཚུ་ཡང་ མར་ཕབ་འབད་དེ་ཡོད་ཟེར་ཞུ་ཡི།
དེའི་གུ་ ནང་འདྲེན་ཚུ་ཡང་ མར་ཕབ་འབད་ནི་ལུ་ རྒྱལ་ཡོངས་ཚོགས་འདུ་གིས་ སྣུམ་འཁོར་ནང་འདྲེན་འབད་མི་ཚུ་ལུ་ སྔོ་ལྗང་གི་ཁྲལ་ ཆ་འཇོག་གནང་སྟེ་ཡོད་ཟེར་ བློན་ཆེན་གྱིས་ ཚོགས་དམང་ལུ་ཞུ་ཡི།
དེ་དང་འཁྲིལ་ གཞུང་གི་ཚ་གྱང་སྦོམ་ཤོས་ཅིག་ སྐྱེད་ཉུང་བའི་ རུ་པིའི་ སྐྱིན་འགྲུལ་ལེན་ནི་དེ་ཨིནམ་བཞིན་དུ་ ན་ཧིང་ སྤྱི་ཟླ་༡༠ པ་ལས་ རྒྱ་གར་ལས་ རུ་པིའི་ སྐྱིན་འགྲུལ་གྱི་ཚད་གཞི་ ཐེར་འབུམ་༡༠ གུ་ ཡར་སེང་འབད་དེ་ བྱིན་ནི་སྦེ་ རྒྱ་གར་གཞུང་གིས་ ཁ་བཟེད་ ཡོད་པའི་གུ་ སཱག་གི་ཚད་འཛིན་ཐོག་ལས་ རྒྱ་གར་གྱི་ དངུལ་ཁང་ལྟེ་བ་གིས་ དངུལ་ཁང་ལྟེ་བ་ཚུ་གི་བར་ན་ དངུལ་རྐྱང་བཙུགས་བཏོན་བརྗེ་སོར་གྱི་ ཐབས་ལམ་ཡང་ ངོས་ལེན་འབད་དེ་ཡོད་ཟེར་ཞུ་ཡི།
བློན་ཆེན་གྱིས་འབད་བ་ཅིན་ ད་རེས་ཁམས་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་མར་ཕབ་དང་ བཀག་ཆ་འབད་དེ་ཡོད་མི་ལུ་ མི་མང་ཤོས་ཅིག་གིས་ གཞུང་གིས་ རུ་པིའི་དཀའ་ངལ་བསལ་ནི་ལུ་ ཐབས་ལམ་བཏོན་ཡོདཔ་བཟུམ་སྦེ་ མཐོང་ཡོད་རུང་ བཀག་ཆའི་ཐབས་ལམ་དེ་ གཞུང་གིས་ འགོ་འདྲེན་འཐབ་འཐབ་མེན་པར་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ དངུལ་ཁང་ཚུ་གི་བར་ན་ ཁ་སླབ་ཐོག་ལས་ ཁོང་ར་གིས་སྦེ་ ལག་ལེན་འཐབ་ནུག་ཟེར་ཞུ་ཡི།
དེ་བཟུམ་མའི་ དཀའ་ངལ་གྱི་ གཞི་གནད་གཙོ་བོ་ར་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་ཚད་ལས་བརྒལ་ བྱིན་མི་ལུ་བརྟེན་ཏེ་ ཨིནམ་སྦེ་ཞུ་ཡི།
བློན་ཆེན་གྱིས་ དངུལ་ཁང་ཚུ་གིས་ གནས་སྐབས་ཅིག་ ཁེ་སང་བཟོ་ནི་ལུ་མ་གཏོགས་ མ་འོངས་པའི་དོན་ལུ་ མནོ་བསམ་མི་བཏང་པས་ཟེར་ཞུ་ཡི།
བློན་ཆེན་གྱིས་ ཚོགས་དམང་ལུ་ ཞུ་མིའི་ནང་ ད་རེས་བཟུམ་མའི་ གནས་སྟངས་ནང་ མི་སེར་མང་ཤོས་ཅིག་ལུ་ ཚ་གྱང་སྦོམ་སྦེ་ར་ ཕོག་སྟེ་ཡོདཔ་ཨིན་རུང་ མི་ལ་ལུ་ཅིག་གིས་ རང་གི་ མཐའ་དོན་ལུ་ལྟ་སྟེ་ ཁེ་སང་བཟོ་མི་ཡང་ ཐོནམ་མས་ཟེར་ཞུ་ཡི།
དཔེ་འབད་བ་ཅིན་ ཕུན་ཚོགས་གླིང་ལུ་ མི་ལ་ལུ་ཅིག་གིས་ རྒྱ་གར་གྱི་མི་ཚུ་ལས་ འབྲུག་པའི་ཏི་རུ་ལེན་ཏེ་ འབྲུག་ལུ་བཙུགས་ཞིནམ་ལས་ རུ་པི་དང་ བརྗེ་སོར་འབད་དེ་ ཁེ་སང་བཟོ་བའི་ གནད་དོན་རེ་ཡང་ ཐོན་ཡོདཔ་ད་ དེ་བཟུམ་མའི་ ལཱ་འབད་མི་ཚུ་ རྒྱལ་ཁབ་ལུ་ བརྩེ་བ་དང་ དག་སྣང་མེད་པའི་ རྟགས་མཚན་ཅིག་ཨིན་མས་ཟེར་ ཞུ་ཡོད་པའི་གནས་ཚུལ།
 
ཉི་མ་དབང་འདུས།

 


No comments:

Post a Comment