གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོགས་ཐེངས་༡༠ པའི་ནང་ ས་གཏེར་གྱི་ སྙན་ཞུ་ཕུལ་དགོཔ།

༡༡/༧/༢༠༡༢། ༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༩ པའི་ ཉིན་མཇུག་ལུ་ ས་ཁམས་དང་ས་གཏེར་ལས་ཁུངས་ཀྱིས་ རྒྱལ་ཁབ་ནང་འཁོད་ཀྱི་ ས་གཏེར་ལུ་བརྟེན་པའི་ འོང་འབབ་དང་ ཁེ་སང་ ལོ་བསྟར་གྱི་ གྲུབ་འབྲས་སྙན་ཞུ་དེ་ ཚོགས་ཐེངས་༡༠ པའི་ནང་ ཕུལ་དགོ་པའི་གྲོས་འདེབས་ཕུལ་ཡི།
དེ་ཡང་ མགར་ས་རྫོང་ཁག་གི་འཐུས་མི་ སངས་རྒྱས་མཁའ་འགྲོ་གིས་ ཚོགས་ཁང་ལུ་ཞུ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ཀྱི་ ས་ཁོངས་ཚུ་ནང་ལས་ ས་གཏེར་ཐོན་ནི་ ཡར་འཕར་སོང་མི་དང་འབྲེལ་ འོང་འབབ་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ལུ་ ཕན་ཐོགས་ཡོདཔ་སྦེ་ཨིན་པས།

འཐུས་མི་གིས་ ཚོགས་ཐེངས་༡༠ པའི་སྐབས་ལུ་ ཕུལ་དགོ་པའི་གྲོས་འབུལ་ཁག་༣ དབྱེ་སྟེ་ཡོད་མི་ལས་ ས་གཏེར་ཚུ་ ཕྱིར་ཚོང་འཐབ་མི་ཡར་སེང་དང་ རྒྱལ་ཁབ་ནང་འཁོད་ཀྱི་ བཟོ་གྲྭ་འཕྲུལ་ཁང་དང་ གཞན་ལས་སྣ་ཚུ་གི་དོན་ལུ་ ས་གཏེར་ལག་ལེན་འཐབ་མི་ཡར་སེང་ དེ་ལས་ རྒྱལ་ཁབ་ནང་ ཡར་རྒྱས་གོང་འཕེལ་སོང་མི་དང་བསྟུན་ ས་གནས་ཐདམ་ཐད་ཁ་ལས་ཕར་ བཟོ་སྐྲུན་གྱི་ ལཱ་དང་ ལས་རིམ་ལེ་ཤ་ཡོདཔ་ལས་ དེ་ནང་ ས་གཏེར་གྱི་ཐོན་ཁུངས་ལག་ལེན་འཐབ་མི་ ཡར་སེང་སོང་ཡོདཔ་ལས་ མི་སེར་ཚུ་གིས་ ས་གཏེར་ལས་འོང་འབབ་བཟོ་ཡོདཔ་ ཧ་གོ་ཚུགས་པས་ཟེར་ཞུ་ཡི།
ཨིན་རུང་ ས་ཁམས་དང་ ས་གཏེར་ལས་ཁུངས་ཀྱི་ ས་གཏེར་འོང་འབབ་ཀྱི་ ལོ་བསྟར་སྙན་ཞུ་རག་ཙམ་གསལ་བཀོད་འབད་མིའི་ནང་ དངུལ་ཀྲམ་ས་ཡ་༣༧༧ བཟོ་ཚུགས་ཏེ་ཡོདཔ་བཞིན་དུ་ སྒེར་སྡེ་དང་ ལས་སྡེ་འཛིན་སྐྱོང་ཚུ་ལུ་ ཁེ་སང་དང་ འོང་འབབ་ཡོད་དེ་འབད་རུང་  མི་སེར་ལས་ ཁྲལ་བསྡུ་ལེན་འབད་ཡོད་པའི་ ས་ཆ་ཚུ་ མེདཔ་བཏང་ཡོདཔ་བཞིན་དུ་ རང་བཞིན་གནས་སྟངས་ལུ་ གནོད་རྐྱེན་ག་དེམ་ཅི་རྐྱབ་དོ་ཡོདཔ་ཨིན་ན་ ཧ་གོ་དགོཔ་གལ་ཆེ་ཟེར་ཞུ་ཡི།
རྒྱལ་ཡོངས་མཐའ་འཁོར་ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ སྤྱི་ལོ་༢༠༠༩ ལུ་ རྒྱལ་ཁབ་ཀྱི་ ས་གནས་ཁག་ནང་ ས་གཏེར་༦༣ ལག་ལེན་འཐབ་མི་ལུ་ལྟཝ་ད་ ས་གཏེར་གྱི་ ལམ་དང་ ལུགས་སྲོལ་ བཅའ་ཁྲིམས་ལྟར་དུ་ འབྲེལ་བ་ཡོད་པའི་ལས་སྡེ་དང་ སྒེར་སྡེ་ཚུ་གིས་ ལག་ལེན་མ་འཐབ་མི་ལུ་བརྟེན་ བྱ་སྟབས་མ་བའེ་བའི་དཀའ་ངལ་དང་ ཉོགས་བཤད་ལེ་ཤ་འདུག་ཟེར་ཨིན་པས།
ས་གཏེར་དེ་ བཏོན་པའི་གནས་སྐབས་ལུ་ ཁེ་སང་དང་ འོང་འབབ་སྤྱོད་མི་ལས་སྡེ་ཚུ་ལུ་ ཕན་ཐོགས་བྱུངམ་ཨིན་རུང་ རང་བཞིན་གནས་སྟངས་དང་ སེམས་ཅན་སྣ་ཚོགས་ མི་སེར་གྱི་ ས་གཞི་ལུ་ ཐོག་ཕོག་མི་ལུ་ རྒུད་འཐུས་དང་ སྲུང་སྐྱོབ་ དེ་ལས་ བདག་འཛིན་འཐབ་ནི་མེད་རུང་ བཏུབ་བཟུམ་ཅི་འདུག་ཟེར་ཞུ་ཡི།
སྤྱི་ལོ་༢༠༡༡ ལུ་ ས་གཏེར་གྱི་ ལཱ་འབད་ནིའི་དོན་ལུ་ ཞུ་ཡིག་བཙུགས་མི་༡༩༢ ལྷོད་ཡོདཔ་ད་ རྡོ་གི་དོན་ལུ་༡༢ ཙུ་ནི་རྡོའི་དོན་ལུ་༡ ཡོདཔ་ད་ ཞུ་ཡིག་བཙུགས་མི་༡༩༢ ལས་༡༤༠ ལུ་ ས་གཏེར་ས་ཁོངས་ངོས་འཛིན་འབད་དེ་ བྱིན་ཡོད་རུང་༣༨ ཀྱི་དོན་ལུ་ ཞིབ་དཔྱད་ཚུ་འབད་བའི་བསྒང་ཡོདཔ་ཨིན་པས།
བསྟན་རྒྱས་ལྷན་ཁག་གིས་ ས་གཏེར་ཚུ་ལག་ལེན་ལེགས་ཤོམ་འཐབ་ནི་དང་ ས་ཁོངས་ངོས་འཛིན་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་མེདཔ་ སེམས་ཅན་དང་ མི་སེར་ལུ་ གནོད་སྐྱོན་མེདཔ་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ ཁྲིམས་ལུགས་གཅིག་མཚུངས་ཀྱི་ ཟིན་བྲིས་དཔྱད་ཡིག་ཅིག་ བརྩམ་པའི་བསྒང་འདུག་ཟེར་ཞུ་ཡི།
རྒྱལ་ཡོངས་ཚོགས་སྡེའི་འཐུས་མི་ སངས་རྒྱས་མཁའ་འགྲོ་གིས་ རྒྱལ་ཡོངས་ཚོགས་སྡེ་ལས་ ཚོགས་ཆུང་གཅིག་ངོས་ལེན་འབད་དེ་ ཚོགས་ཐེངས་༡༠ པའི་ནང་ ས་གཏེར་ཚུ་ལུ་བརྟེན་པའི་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་ག་དེ་སྦེ་ཡོདཔ་ཨིན་ན་དང་ འོང་འབབ་མ་དངུལ་ག་དེ་ཅི་བཟོ་དོ་ཡོདཔ་ཨིན་ན་ ཚོང་འབྲེལ་གྱི་གོང་ཚད་ འོས་འབབ་དང་ལྡནམ་བཟོ་ནི་ དེ་ལས་ གལ་སྲིད་ ས་གཏེར་ཚུ་གཞུང་གིས་ བཞེས་ཏེ་ཕྱག་ལཱ་ཚུ་གནང་པ་ཅིན་ རྒྱལ་ཁབ་དང་མི་སེར་ལུ་ ཐབས་ལམ་ག་དེ་སྦེ་ཡོདཔ་ཨིན་ནའི་སྐོར་ལས་ ཞིབ་དཔྱད་འབད་དེ་ ཚོགས་ཐེངས་༡༠ པའི་ནང་ སྙན་ཞུ་ཕུལ་དགོ་པའི་གྲོས་འདེབས་ཁག་༣ ཕུལ་ཡི།
དར་དཀར་ནང་གི་འཐུས་མི་ བསོད་ནམས་རྡོ་རྗེ་གིས་ འཛམ་གླིང་རྒྱལ་ཁབ་ནང་ རང་བཞིན་གནས་སྟངས་བདག་འཛིན་དང་ སྲུང་སྐྱོབ་འབད་དགོ་པའི་ཁར་ དེ་ལུ་ རྐྱེན་ངན་ཚུ་ག་དེ་སྦེ་ར་ འགྱོ་དོ་ཡོདཔ་ཨིན་ན་ ཧ་གོ་ཚུགསཔ་ལས་ རྒྱལ་ཁབ་ནང་ རང་བཞིན་གནས་སྟངས་ལས་ཐོན་པའི་གཏེར་ཚུ་ མི་སེར་དམངས་ཀྱི་ རྒྱུ་ནོར་ཨིནམ་མ་ཚད་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལས་འབད་རུང་ རང་བཞིན་གནས་སྟངས་ལུ་བརྟེན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་གྲུབ་ཐབས་དེ་ མི་སེར་ཉམ་ཆུང་དང་ ཕྱུགཔོ་ཟེརཝ་མེད་པར་ ཤོ་མཚུངས་བཟོ་དགོ་པའི་དམིགས་ཡུལ་ཡོད་ཟེར་ཞུ་ཡི།
རྒྱལ་ཁབ་ནང་ ས་གཏེར་གྱི་ཐོན་ཁུངས་ ལག་ལེན་འཐབ་ནིའི་དོན་ལུ་ ཁྲིམས་ལུགས་ཅིག་མེདཔ་ལས་ འབྲུག་མི་ཚུ་གིས་ འཕྲལ་གྱི་གནས་སྟངས་ལུ་དམིགས་གཏད་སྐྱེད་དེ་ དཔལ་འབྱོར་གོང་འཕེལ་གཏང་ནི་དང་ ན་གཞོན་ལཱ་གཡོག་གི་ གོ་སྐབས་སྤྲོད་ནི་ལུ་དམིགས་ཏེ་ ལག་ལེན་འཐབ་མི་གིས་ མི་དག་པ་ཅིག་ལུ་ ཕན་ཐོགས་བྱུང་རུང་ ཡུན་བརྟན་ལུ་རྩ་བརྟན་ཅིག་མེད་པའི་ཁར་ མི་ཀུན་ལུ་གནོད་པ་ཕོགཔ་ཨིན་ཟེར་ ཞུ་ཡི།
ལྷུན་རྩེ་འཐུས་མི་རིག་འཛིན་གྱིས་ ས་གཏེར་དེ་ རྒྱལ་ཁབ་དང་མི་སེར་ཡོངས་ཀྱི་ རྒྱུ་ནོར་ངོ་མ་ཅིག་ཨིན་རུང་ ཁེ་སང་དང་འོང་འབབ་དེ་ ལས་སྡེ་ཚུ་གིས་ སྤྱོདཔ་ལས་བརྟེན་ ད་ལས་ཕར་ རྒྱལ་ཡོངས་ཀྱི་ས་གཏེར་ཚུ་ སྒེར་གྱི་སྤྱོད་ནི་མེན་པར་ གཞུང་གིས་ ཕྱག་ལཱ་མཛད་པ་ཅིན་ འོང་འབབ་ཡང་ མི་སེར་ཡོངས་དང་ རང་བཞིན་གནས་སྟངས་ལུ་ཡང་ གནོད་པ་མེདཔ་སྦེ་ ལག་ལེན་འཐབ་ཚུགས་པའི་འོས་འབབ་འདུག་ཟེར་ ཞུ་ཡོད་པའི་གནས་ཚུལ།

No comments:

Post a Comment