གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཏམ་ཁུ་དམ་འཛིན་ལུ་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱིས་ ཞལ་འཛོམས་འཚོགས་དོ་ཡོདཔ།

ཌོག་ཊར་ ཨར་མཱན་ཌོ་པེ་རུ་གཱི་གིས་ 
ཏམ་ཁུ་དམ་འཛིན་གྱི་ གསལ་བཤད་འབད་བའི་བསྒང་།

 ༡༢/༧/༢༠༡༢། ༉ ཐིམ་ཕུ་ལུ་སྦེ་ འཚོག་པའི་བསྒང་ཡོད་མི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ རྒྱལ་ཡོངས་ཏམ་ཁུ་དམ་འཛིན་གྱི་ ལས་རིམ་འཛིན་སྐྱོང་པའི་ ཞལ་འཛོམས་ཀྱི་སྐབས་ ཁ་ཙ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ ཤར་ལྷོ་ཨེ་ཤི་ཡའི་ལུང་ཕྱོགས་ནང་ ཏམ་ཁུ་དམ་འཛིན་ཐབས་བྱུས་ཟིན་བྲིས་སྐོར་ལས་ གྲོས་བསྡུར་འབད་ཡོདཔ་བཞིན་དུ་ གལ་སྲིད་ འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ ཁ་འཆམ་བྱུང་ཚུགས་པ་ཅིན་ ད་རིས་ ཆ་འཇོག་འགྲུབ་ནི་ཨིན་པས།
འཐུས་མི་རྒྱལ་ཁབ་ཀྱི་ངོ་ཚབ་ མང་ཤོས་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཏམ་ཁུ་དམ་འཛིན་ཐབས་བྱུས་ཟིན་བྲིས་ལུ་བརྟེན་ ཕན་སྦོམ་སྦེ་ར་ཐོགས་ཚུགས་ནི་མས་ཟེར་སླབ་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ འབོ་ནདདང་ སེམས་ཁམས་འཕྲོད་བསྟེན་གྱི་ ལས་རིམ་འཛིན་སྐྱོང་འགོ་དཔོན་ ཌོག་ཊར་ ཨར་མཱན་ཌོ་པེ་རུ་གཱི་གིས་འབད་བ་ཅིན་ འཛམ་གླིང་གསོ་བའི་ ཏམ་ཁུ་དམ་འཛིན་དཔྱད་གཞིའི་འཐུས་མི་རྒྱལ་ཁབ་ཚུ་ ལ་ལུ་ཅིག་ གོང་འཕེལ་སོང་མི་དང་ ལ་ལུ་ཅིག་ གོང་འཕེལ་མ་འགྱོ་མི་ཡང་ ཡོདཔ་ཨིན་རུང་ ད་རེས་ཀྱི་ ལུང་ཕྱོགས་ཐབས་བྱུས་དེ་གིས་ ག་ར་ལུ་ཕན་ཐོགས་འོང་ཟེར་ཨིན་པས།
ད་རེས་ཀྱི་ ཐབས་བྱུས་ཡིག་ཆ་ ཆ་འཇོག་འབད་ནི་དེ་ཡང་ ད་ལས་ཕར་ འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ ཏམ་ཁུ་དམ་འཛིན་གྱི་དོན་ལུ་ གཅིག་མཚུངས་ཀྱི་ཐབས་ལམ་ཚུ་ བཏོན་ནི་ཨིན་ཟེར་བའི་ གན་ཡིག་བཟུམ་ཅིག་ཨིན་མི་དང་འཁྲིལ་ ཐབས་བྱུས་དེ་ ཆ་འཇོག་འབད་མི་དང་འབྲེལ་ འཐུས་མི་རྒྱལ་ཁབ་ཚུ་གིས་ ཏམ་ཁུའི་ལག་ལེན་ཚུ་ བཀག་དམ་འབད་ནིའི་ རེ་བ་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཐབས་བྱུས་ཟིན་བྲིས་དེ་གི་དོན་ལུ་ འཛམ་གྱི་མི་སེར་ཚུ་ལས་ བསམ་འཆར་མ་འདྲཝ་ཚུ་ ལྷོད་དོ་ཡོདཔ་ལས་ འཕྲལ་དང་འཕྲལ་ལུ་ར་ ཆ་འཇོག་འབད་མི་ཚུགས་ནི་ཨིན་རུང་ གལ་སྲིད་ འབད་ཚུགས་པའི་འོས་སྦྱོར་ཡོད་པ་ཅིན་ ད་རིས་ ཆ་འཇོག་འབད་འོང་ཟེར་སླབ་ཨིན་པས།
ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ ལ་ལུ་ཅིག་གིས་འབད་བ་ཅིན་ འབྲུག་ལུ་ ཏམ་ཁུ་དམ་འཛིན་གྱི་ལཱ་ཚུ་ ལེ་ཤ་ཅི་ར་ འབད་དེ་ཡོད་རུང་ ཏམ་ཁུ་ རྩ་ལས་ར་ ལག་ལེན་འཐབ་ནི་མེད་པའི་ རྒྱལ་ཁབ་ཅིག་ལུ་ བསྒྱུར་བཅོས་འབད་མ་ཚུགས་པས་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་ནང་བཟུམ་ཅིག་འབད་བ་ཅིན་ ཏམ་ཁུ་དམ་འཛིན་འབད་ནིའི་ནང་ ཁྲིམས་འགལ་ཐོག་ལས་ ཏམ་ཁུ་ཚོང་འབྲེལ་འཐབ་མིའི་ དཀའ་ངལ་དེ་ཨིནམ་ད་ དེ་གི་དོན་ལུ་ཡང་ ཐབས་བྱུས་ཀྱི་དོན་ཚན་ཅིག་ནང་ ལེགས་ཤོམ་སྦེ་ར་ འཁོད་དེ་ཡོདཔ་ལས་ ལག་ལེན་འཐབ་ནི་ལུ་ བྱ་སྟབས་བདེ་དྲག་འོང་ཟེར་ཨིན་པས།
འཛམ་གླིང་གསོ་བའི་ཚོགས་སྡེའི་ ལུང་ཕྱོགས་གྲོས་སྟོན་པ་ དཱེ་རེན་ད་ར་ཨེན་སཱུན་ཧཱ་གིས་འབད་བ་ཅིན་ འབྲུག་ལུ་ ཏམ་ཁུ་དམ་འཛིན་གྱི་ལཱ་ཚུ་ ལོ་ངོ་༤༠ དེ་ཅིག་གི་ཧེ་མ་ལས་ འགོ་བཙུགས་མི་དེ་ རྒྱལ་རབས་ཅན་ཅིག་ཨིན་མས་ཟེར་ སླབ་ཡོདཔ་ད་ ཨིན་རུང་ རྒྱལ་ཁབ་ནང་ རྒྱལ་ཡོངས་ཀྱི་ གནས་ཚད་ཅན་གྱི་ གནད་སྡུད་མེདཔ་ལས་ དམ་འཛིན་གྱི་ཁྲིམས་ལུགས་ཚུ་ ལག་ལེན་ག་དེ་སྦེ་ར་ འཐབ་ཡོདཔ་ཨིན་ནའི་སྐོར་ལས་ སླབ་མི་ཚུགས་པས་ཟེར་བཤདཔ་ཨིན་པས།
འབྲུག་གིས་ དེ་གི་སྐོར་ལས་ རྒྱལ་ཡོངས་ན་ལོན་ཏམ་ཁུ་ལག་ལེན་པ་ཚུ་གི་ ཞིབ་འཚོལ་འབད་ནིའི་ དང་འདོད་ཡོད་པ་ཅིན་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ འཕྲུལ་རིག་གི་ རྒྱབ་སྐྱོར་ཚུ་འབད་ནི་ཨིན་ཟེར་ཨིན་པས།
ཏམ་ཁུ་ནང་འདྲེན་གྱི་དོན་ལུ་ཡང་ ཁྲལ་བརྒྱ་ཆ་༡༠༠ རེ་ བཀལ་མི་ལུ་བལྟ་བ་ཅིན་ འཛམ་གླིང་ནང་ དཔེ་བཞག་བཏུབ་ཅིག་གི་ གསལ་སྟོན་འབདཝ་མས་ཟེར་ སླབ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment