གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀོ་རི་ཡའི་ གློག་བརྙན་དུས་སྟོན་ཐེངས་༢ པ་ འགོ་བཙུགས་ཡོདཔ།

༡༣/༧/༢༠༡༢   ༉ ཁ་ཙ་ ཐིམ་ཕུ་ སི་ཊི་ སི་ན་མ་གློག་བརྙན་ཁང་ནང་སྟོན་མི་ ཀོ་རི་ཡའི་གློག་བརྙན་ ད་ཝཱར་ཨོཕ་ ཨཱེ་རོསི་ཟེར་མི་དེ་ དང་ཕུ་ ཀོ་རི་ཡ་དང་ རྒྱ་ནག་རྒྱལ་ཁབ་༢ ཀྱི་བར་ན་ མདའ་གཞུ་ལག་ལེན་འཐབ་ཐོག་ལས་ དམག་རྐྱབ་མི་ལུ་ གཞི་བཞག་སྟེ་ བཟོ་ཡོདཔ་ཨིན་པས།
བརྡ་བརྒྱུད་བློན་པོ་ ནཱན་ད་ལཱལ་དང་ རྒྱ་གར་ལུ་ ཀོ་རི་ཡའི་སྐུ་ཚབ་ ཀིམ་ཀུམ་པོ་ཡོང་གིས་ གློག་བརྙན་དུས་སྟོན་ འགོ་འབྱེད་གནང་པའི་བསྒང་།


འབྲུག་གི་ བརྒྱུད་འབྲེལ་ལྷན་ཁག་འོག་ལུ་ཡོད་པའི་བརྡ་དོན་དང་ བརྡ་བརྒྱུད་ལས་ཁུངས་དང་ ལྡི་ལུ་ཡོད་པའི་ ཀོ་རི་ཡའི་གཞུང་ཚབ་ཡིག་ཚང་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་དུས་སྟོན་ནང་ གློག་བརྙན་ཚུ་ རིན་མེད་སྟོང་པར་སྦེ་ སྟོན་དོ་ཡོདཔ་ལས་ འབྲུག་པའི་འཁྲབ་རྩེདཔ་དག་པ་ཅིག་དང་ མི་མང་གིས་ བཅའ་མར་གཏོགས་ཅི།
དེ་བཟུམ་སྦེ་ ཉིན་གྲངས་༣ གྱི་རིང་ འགོ་འདྲེན་འཐབ་ནི་ཨིན་མི་ གློག་བརྙན་དུས་སྟོན་གྱི་སྐབས་ ཀོ་རི་ཡའི་ ཡོངས་གྲགས་ཅན་གྱི་ གློག་བརྙན་༤ སྟོན་ནི་ཨིནམ་བཞིན་དུ་ ད་རིས་ གློག་བརྙན་༢ དང་ ནངས་པར་༢ སྟོན་ནི་ཨིན་མི་ལས་༡ ཁ་ཙའི་ གློག་བརྙན་དེ་ ལོག་སྟོན་ནི་ཨིན་པས།
ཀོ་རི་ཡའི་གློག་བརྙན་དུས་སྟོན་ འབྲུག་ལུ་ བརྩི་སྲུང་འབད་མི་དེ་ཡང་ གཙོ་བོ་ར་ ཧེ་མ་ རྒྱ་གར་ལུ་ ཀོ་རི་ཡའི་སྐུ་ཚབ་དེ་ རྒྱལ་ཁབ་ནང་ སྐུ་ཚབ་སྦེ་འོང་པའི་སྐབས་ ཁོ་ར་གིས་ འབྲུག་པའི་གློག་བརྙན་བཟོ་གྲྭ་ཁང་ལུ་ རྒྱབ་སྐྱོར་འབད་ནིའི་ ཁས་བླངས་འབད་མི་དང་འཁྲིལ་ཏེ་ཨིན་པས།
དེ་དང་གཅིག་ཁར་ ཀོ་རི་ཡ་གིས་ ན་ཧིང་ འབྲུག་གློག་བརྙན་ཚོགས་སྡེ་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབད་ཡོདཔ་ད་ ད་ལས་ཕར་ དུས་ཡུན་རིངམོ་དང་ ཐུང་ཀུ་འབད་མི་ འཕྲུལ་རིག་གི་ སྦྱོང་བརྡར་ཚུ་ཡང་ བྱིན་ནི་ཨིན་པས།
འབྲུག་གློག་བརྙན་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་ ཤེས་རབ་རྒྱལ་མཚན་གྱིས་འབད་བ་ཅིན་ ཀོ་རི་ཡ་དེ་ འཕྲུལ་རིག་གིས་ཕྱུག་པའི་ རྒྱལ་ཁབ་ཅིན་ཨིནམ་མ་ཚད་ ན་ཧིང་ གློག་བརྙན་དུས་སྟོན་ འགོ་དང་པ་ བརྩི་སྲུང་འབད་མི་དང་འབྲེལ་ འབྲུག་གློག་བརྙན་ཚོགས་སྡེ་ལུ་ གློག་བརྙན་བཟོ་ནི་གི་ ཅ་ཆས་ཚུ་ ཉོ་ནིའི་དོན་ལུ་ ཡུ་ཨེསི་ཌོ་རལ་༡༨༠,༠༠༠ གྲོགས་རམ་བྱིན་ཡོདཔ་ཨིན་རུང་ ད་ལྟོ་ མ་དངུལ་དེ་ ལག་ལེན་མ་འཐབ་པར་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མགྱོགས་པ་ར་ འབྲུག་གློག་བརྙན་ཚོགས་སྡེའི་ འགོ་དཔོན་ཚུ་དང་ བརྒྱུད་འབྲེལ་ལྷན་ཁག་གི་ འགོ་དཔོན་ཚུ་གི་བར་ན་ གྲོས་འཛོམས་ཐོག་ལས་ ཅ་ཆས་ཚུ་ ག་ཅི་ར་ ཉོ་ནི་ཨིན་ནའི་སྐོར་ལས་ གྲོས་ཐག་གཅད་ནི་དང་ ཅ་ཆས་ཚུ་ཡང་ ལྷན་ཁག་གིས་ཉོ་སྟེ་ ཚོགས་སྡེ་ལུ་ རྩིས་སྤྲོད་འབད་འོང་ཟེར་ཨིན་པས།
ཤེས་རབ་རྒྱལ་མཚན་གྱིས་ སྤུས་ཚད་ཅན་གྱི་ འཕྲུལ་ཆས་ཚུ་ མཁོ་སྒྲུབ་འབད་དེ་ ཤུལ་ལས་ འབྲུག་ལུ་ གློག་བརྙན་བཟོ་བར་འོང་མི་ ཕྱི་རྒྱལ་གྱི་ མི་ཚུ་ལུ་ཡང་ གླ་ཁར་གཏང་སྟེ་ འབྲུག་གློག་བརྙན་ཚོགས་སྡེ་ གོང་འཕེལ་གྱི་དོན་ལུ་ འོང་འབབ་བཟོ་ཚུགས་པའི་ འོས་འབབ་ཡོད་ཟེར་ཨིན་པས།
དེ་ལུ་བརྟེན་ ད་རེས་ ཌི་ཇི་ཊཱལ་གནས་ཚད་ནང་ཡོད་མི་ འབྲུག་པའི་གློག་བརྙན་ཚུ་ཡང་ རྒྱལ་ཁབ་གཞན་ཚུ་བཟུམ་སྦེ་ སི་ནི་མའི་གནས་ཚད་ནང་ ལྷོད་ཚུགས་པའི་ གོ་སྐབས་ཡོད་ཟེར་ ཤེས་རབ་རྒྱལ་མཚན་གྱིས་སླབ་ཅི།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ ཕྱིའི་རྒྱལ་ཁབ་ལས་ གྲོགས་རམ་ཚུ་ འཐོབ་ནི་ལུ་སྒུག་མ་སྡོད་པར་ འབྲུག་གི་གློག་བརྙན་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ གཞུང་གིས་ཡང་ རྒྱབ་སྐྱོར་ཚུ་ གནང་དགོཔ་འདུག་ཟེར་ཨིན་པས།

རྒྱ་གར་ལུ་ ཀོ་རི་ཡའི་གཞུང་ཚབ་ ཀིམ་ཀུམ་ པོ་ཡོང་གིས་ སླབ་མིའི་ནང་ དེ་བཟུམ་མའི་ གློག་བརྙན་ཚུ་ལུ་བརྟེན་ རྒྱལ་ཁབ་༢ ཀྱི་བར་ན་ མཐུན་ལམ་དམ་ཟབ་བཟོ་ནི་ལུ་ ཕན་ཐབས་འབྱུང་ནི་དང་ འགྲོས་ཀྱིས་སྦེ་ འབྲུག་དང་ ཀོ་རི་ཡ་རྒྱལ་ཁབ་༢ ཀྱིས་ མཉམ་བསྡོམས་གློག་བརྙན་ཚུ་ཡང་ བཟོ་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།
ཉི་མ་དབང་འདུས།

No comments:

Post a Comment