མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཚོགས་ཐེངས་༩ པའི་ མཇུག་བསྡུའི་རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་པའི་བསྒང་། |
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ གྲོས་ཆོད་ཚུ་གི་ སྙན་ཞུ་ཕུལཝ་དང་གཅིག་ཁར་ ཚོགས་ཐེངས་འདི་ནང་ སྤྱི་ཚོགས་ཀྱིས་ འབྲུག་རྒྱལ་པོའི་རྒུད་གསོ་མ་དངུལ་དཔྱད་ཡིག་དང་ ཤེས་རིག་གྲོང་ཁྱེར་དཔྱད་ཡིག་༢ གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་མི་དེ་ མི་དབང་མཆོག་ལུ་ བཀའ་གྲོལ་གྱི་དོན་ལས་ ཕུལ་ནི་ཟེར་གསུངས་ཡི།
འབྲུག་གི་ རྐྱེན་ངན་འཛིན་སྐྱོང་གི་དཔྱད་ཡིག་གུ་ གསུང་གྲོས་གནངམ་ད་ དོན་ཚན་༡༡ དེ་ཅིག་གུ་ གྲོས་འཆམ་བྱུང་མ་ཚུགས་མི་ལུ་བརྟེན་ སྤྱི་ཚོགས་ལྷན་བཞུགས་འཚོགས་ནིའི་གནང་བ་ ཞུ་ནིའི་དོན་ལུ་ མི་དབང་མཆོག་ལུ་ ཕུལ་ནི་ཨིན་པས།
རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ནང་འཁོད་རྩུབ་སྤྱོད་དཔྱད་ཡིག་དང་ ལམ་གྱི་དཔྱད་ཡིག་༢ གསུང་གྲོས་ཞིབ་པར་གནང་སྟེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེ་གིས་ འབྲུག་གི་ གདམ་ཁ་ཅན་གྱི་འཁོན་འདུམ་དཔྱད་ཡིག་དང་ འབྲུག་འགན་འཛིན་དཔྱད་ཡིག་གུ་ གསུང་གྲོས་གནང་སྟེ་ ཚོགས་འདུ་ལུ་ ཕུལ་ཡོད་མི་དེ་ ཚོགས་ཐེངས་༡༠ པའི་ནང་ གསུང་གྲོས་གནང་ནི་ཨིན་པས།
ཚོགས་དཔོན་གྱིས་ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱལ་དར་གྱི་དཔྱད་གུ་ གསུང་གྲོས་གནང་སྟེ་ ཚོགས་འདུ་ལུ་ཕུལ་ཡོད་རུང་ འཐུས་མི་སྒེར་པའི་དཔྱད་ཡིག་བཙུགས་ཐངས་ཀྱི་ལམ་ལུགས་ ཁག་ཆེཝ་ལས་བརྟེན་ ཚོགས་ཁང་༢ ཀྱི་ མཉམ་འབྲེལ་ཚོགས་ཆུང་གིས་ དེ་གི་བྱ་སྒོའི་ལམ་ལུགས་ ཧིང་སངས་ས་སྦེ་ བཟོ་ཞིནམ་ལས་ རྒྱལ་དར་དཔྱད་ཡིག་དེ་ ཚོགས་ཐེངས་༡༠ པའི་ནང་ གསུང་གྲོས་གནང་ཚུགས་པའི་ རེ་བ་ཡོད་ཟེར་གསུངས་ཡི།
འབྲུག་གི་སའི་དཔྱད་ཡིག་དེ་ ཚོགས་ཐེངས་འདི་ནང་ གསུང་གྲོས་གནང་ནིའི་ ལས་རིམ་ཡོད་རུང་ གཞུང་གིས་ མི་མང་དང་གཅིག་ཁར་ བསམ་འཆར་བསྡུ་ཞིནམ་ལས་ གྲོས་བསྟུན་འབད་དེ་ བསྐྱར་ཞིབ་འབད་དགོཔ་ ཁག་ཆེཝ་ལས་བརྟེན་ དུས་ཚོད་ལངམ་མེད་པའི་ གྲོས་འདེབས་ཕུལཝ་མ་ཚད་ མི་དབང་མཆོག་གིས་གནང་མི་ བཀའ་ཤོག་ནང་གསལ་ ང་བཅས་ར་ ཞི་གཡོགཔ་དང་ སྒེར་སྡེ་ ཞི་བའི་མི་སྡེ་ དེ་ལས་ སྤྱིར་བཏང་འབྲུག་གི་རྒེད་འོག་༢༠༥ དང་ རྫོང་ཁག་༢༠ གི་ མི་སེར་གྱི་ རེ་འདོད་འགྲུབ་ནིའི་ བཀའ་སློབ་གནང་མི་དང་འཁྲིལ་ ཤུལ་མའི་ ཚོགས་ཐེངས་ཚུ་ནང་ སའི་བཅའ་ཁྲིམས་འཕྲི་སྣོན་མཛདཔ་ད་ མི་དབང་མཆོག་གིས་ བཀའ་སློབ་གནང་མི་ ཐུགས་འདོད་ག་ར་ཚུད་དེ་ ཆ་འཇོག་གནང་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ཨིན་རུང་ གཞུང་གིས་བཞེས་མི་ མི་སེར་གྱི་ ས་ཆ་ཚུའི་ རྒུད་འཐུས་དང་ ས་ཚབ་ དེ་ལས་ ས་དང་འབྲེལ་བའི་དཀའ་ངལ་ཚུ་ དུས་ཚོད་ཁར་ སྤྲོད་གནང་དགོ་ཟེར་གསུངས་ཡི།
ཚོགས་དཔོན་གྱིས་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་ སྤྱི་ལོ་༢༠༡༡ གི་ ལོ་བསྟར་སྙན་ཞུ་གུ་ གསུང་གྲོས་གནངམ་ད་ སྤྱི་ལོ་༡༩༨༡ ལས་༢༠༠༧ ཚུན་ ལོ་ངོ་༢༧ གྱི་ ཡུན་འགྱངས་རྩིས་རྙོགས་ཚུ་ དུས་ཚོད་ཁར་ བསལ་ཚུགས་མི་དེ་ སྤྱི་ཚོགས་ཀྱི་ གྲུབ་འབྲས་སྦོམ་ཤོས་ཅིག་ ཨིན་ཟེར་གསུངས་ཡི།
དེ་མ་ཚད་ འཆར་གཞི་༡༠ པའི་ལཱ་ཚུ་ ཚུལ་བཞིན་དུ་ བསྒྲུབ་ནིའི་དོན་ལུ་ སྤྱི་ཚོགས་ཀྱིས་ རྩིས་ལོ་འདིའི་ འཆར་དངུལ་ཡང་ ཆ་འཇོག་གྲུབ་ཡོདཔ་ད་ ཁྲལ་བསྐྱར་ཞིབ་ཀྱི་ཐད་ལུ་ སྣུམ་འཁོར་ཤུགས་ཚད་སི་སི་༡༨༠༠ ཡན་ཆད་ལུ་ སྔོ་ལྗང་གི་ཁྲལ་ བརྒྱ་ཆ་༢༠ དང་ དེ་གི་འོག་རྒྱུ་ཚུ་ལུ་ བརྒྱ་ཆ་༥ རེ་ བཀལ་ནི་གི་ ཆ་འཇོག་གྲུབ་ཅི་ཟེར་གསུངས་ཡི།
ཚོགས་དཔོན་གྱིས་ གསུངས་མིའི་ནང་ འབྲུག་གི་བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཁབ་ཀྱི་གནས་སྟངས་སྐོར་ལས་ སྙན་ཞུ་ཐེངས་༤ པ་དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ཀ་ཆེན་༤ ལུ་ གཞི་བཞག་སྟེ་ཡོད་པའི་ སྙན་ཞུ་ཚུ་ སྤྱི་ཚོགས་ལྷན་བཞུགས་ནང་ ཕུལ་གནང་ཡི་ཟེར་ཨིནམ་ད་ དེ་ནང་ སྤྱི་ཚོགས་དང་པའི་ དམངས་གཙོའི་གཞུང་གིས་ ཕྱག་ལཱ་ལེགས་ཤོམ་མཛད་པའི་ གྲུབ་འབྲས་གསལ་སྟོན་འབད་ཡི་ཟེར་ཨིན་པས།
དེ་ལས་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ དབང་འདུས་ཕོ་བྲང་རྫོང་ མེ་མཆོད་བཞེས་ཡོད་རུང་ མི་དབང་མཆོག་གིས་ ཐབས་མཁས་ཀྱི་བཀའ་རྒྱ་དང་འཁྲིལ་ བྱིན་རླབས་ཆེ་བའི་ནང་རྟེན་ཚུ་ ཉེན་སྐྱོབ་འབད་ཚུགས་པའི་ཁར་ མི་ལུ་ རྐྱེན་ག་ནི་ཡང་ མ་བྱུང་ནི་དེ་གིས་ སྐལ་བ་བཟང་ཡི་ཟེར་གསུངས་ཡི།
ཨིན་རུང་ མི་དབང་མཆོག་གི་ བཀའ་བཞིན་དུ་ རྫོང་གཞིས་དེ་ ཧེ་མ་བ་དྲགཔ་སྦེ་ སྒྲིང་སྒྲིང་དང་ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ ལོག་བཞེངས་ནི་ལུ་ སྤྱི་ཚོགས་ཀྱིས་ རྒྱབ་སྐྱོར་ཕུལཝ་དང་གཅིག་ཁར་ འབྲུག་རྒྱལ་ཁབ་ནང་ཡོད་པའི་ རྫོང་གཞིས་རྩ་ཆེན་ ལེ་ཤ་ཡོད་མི་ཚུ་ཡང་ འབྱུང་བ་བཞིའི་ རྐྱེན་ངན་ཚུ་ལས་ ཉེན་སྲུང་འབད་ནིའི་ཐབས་ཤེས་ སྔར་བ་ལྷགཔ་སྦེ་ བཏོན་དགོཔ་ཁག་ཆེ་ཟེར་གསུངས་ཡི།
དེ་ལས་ བློན་ཆེན་གྱིས་ རྒྱ་གར་ལས་ སྟོན་པ་གཙོ་འཁོར་གསུམ་གྱི་ རྟེན་འགངས་ཅན་ཚུ་ འབྲུག་ལུ་ གདན་འདྲེན་ཞུ་སྟེ་ མི་མང་གིས་ མཇལ་ཁ་དང་ དབང་ཞུ་ནིའི་ གོ་སྐབས་ཐོབ་ཚུགས་ནི་དེ་གིས་ བློན་ཆེན་ལུ་ བཀའ་དྲིན་དགའ་འཚོར་ཡོད་ཟེར་ཨིན་པས།
འཛམ་གླིང་སྤྱི་ཚོགས་ཀྱི་ གྲོས་ཆོད་དང་འཁྲིལ་ སྤྱི་ཟླ་༣ པའི་ཚེས་༢༠ དེ་ འབྲུག་རྒྱལ་ཁབ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཉིནམ་སྦེ་ ངོས་འཛིན་འབདཝ་དང་གཅིག་ཁར་ སང་ཕོད་ སྤྱི་ལོ་༢༠༡༣ ལུ་ འབྲུག་དང་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ འགོ་དང་པ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཉིནམ་ བརྩི་སྲུང་ཞུ་ནི་དང་གཅིག་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་གི་འབྱུང་གནས་ མི་དབང་འབྲུག་རྒྱལ་༤ པ་མཆོག་ལུ་ ཐ་དམ་ཚིག་གཙང་མའི་སྒོ་ལས་ སྤྱི་ཚོགས་དང་པ་གིས་ རྗེས་དྲན་གྱི་གུས་བཏུད་ ཕུལ་ནིའི་རེ་བ་དང་ སྨོན་ལམ་ཡོད་ཟེར་གསུངས་ཡི།
དེ་དང་གཅིག་ཁར་ མི་དབང་མཆོག་ ཐུགས་དང་ལྡནམ་ཅིག་ཡོད་པ་ཅིན་ འབྲུག་གི་ སྤྱི་ཚོགས་དང་པའི་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་ཀྱིས་ དམ་ཚིག་གཙང་མའི་སྒོ་ལས་ རྒྱལ་ཁབ་ལུ་ ཕྱག་ཕྱིད་ཞུ་བའི་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་དང་ལྟ་བ་ཚུ་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ དར་ཁྱབ་དང་ གོང་འཕེལ་བཏང་སྟེ་ གྲུབ་འབྲས་སྦོམ་ཐོན་མི་ལུ་བརྟེན་ སྤྱི་ཚོགས་དང་པ་གིས་ ལེགས་གསོའི་གུས་བཏུད་ ཞུ་ནིའི་རེ་བ་ཡོད་ཟེར་གསུངས་ཡི།
འབྲུག་གི་ སྤྱི་ཚོགས་ཀྱི་འཐུས་མིའི་ ཐོབ་དབང་(འཕྲི་སྣོན་དཔྱད་ཡིག) དེ་ རྒྱལ་ཡོངས་ཚོགས་སྡེ་གིས་ ཚོགས་ཐེངས་༧ པའི་ནང་ གསུང་གྲོས་གནང་སྟེ་ རྒྱལ་ཡོངས་ཚོགས་འདུ་ལུ་ཕུལ་མི་དེ་ ཚོགས་འདུ་གིས་ ཕྱིར་བཏོན་མཛད་པའི་ཤུལ་ལས་ ཚོགས་སྡེ་གིས་ཡང་ གསུང་གྲོས་ལས་ ཕྱིར་བཏོན་མཛད་ཡོདཔ་ཨིན་པས།
མཇུག་བསྡུའི་རྟེན་འབྲེལ་ནང་ ཚོགས་དཔོན་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ མཛད་པ་འཕྲིན་ལས་ དར་ཞིང་རྒྱས་པའི་ སྨོན་འདེབས་ཕུལ་ཡོད་པའི་གནས་ཚུལ།
No comments:
Post a Comment