གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མགར་ས་རྫོང་ཁག་ནང་ ཁྲོམ་སྡེའི་འཐུས་མི་དང་ ཁྲོམ་ས་མེདཔ།

མགར་ས་ཁྲོམ་དེ་ གནས་སྐབས་ཅིག་གི་དོན་ལུ་ཨིནམ་ལས་ ཁྲོམ་གཞན་ཁར་བཟུམ་སྦེ་ ཚོང་པ་ཚུ་གི་མིང་ཐོག་ཁར་ ཁྲོམ་ས་བགོ་བཀྲམ་མ་འབད་བར་ ཡོདཔ་ཨིན་པས།
 གནས་སྐབས་ཅིག་གི་དོན་ལུ་ཆགས་མི་ 
མགར་ས་ཁྲོམ་(རྫོང་གི་འོག་ལུ་)གྱི་མཐོང་སྣང་།

༤/༧/༢༠༡༢། ༉ མགར་ས་རྫོང་ཁག་དེ་ རྒྱལ་ཁབ་ནང་ལས་ ས་གནས་མཐའ་ཟུར་ཅིག་ཨིནམ་མ་ཚད་ རྫོང་ཁག་ནང་ ཚུལ་དང་ལྡན་པའི་ ཁྲོམ་ཅིག་མེད་པའི་ཁར་ ཁྲོམ་སྡེའི་འཐུས་མི་ཡང་ མེདཔ་ཨིན་པས།
དེ་ཡང་ རྫོང་གི་རྩ་བ་ལས་ཕར་ སྦ་སྒོར་དང་ ཁྱིམ་དག་པ་ཅིག་ནང་ ཚོང་རྐྱབ་སྡོད་མི་ ཚོང་པ་༢༥ དང་༣༠ འི་བར་ན་ཡོདཔ་ད་ འདས་པའི་ལོ་ནང་ ཁྲོམ་སྡེའི་བཙག་འཐུ་སྐབས་ ཁྲོམ་སྡེའི་འཐུས་མིའི་དོན་ལུ་ དོ་འགྲན་འབད་མི་ མི་ངོམ་༢ ཐོན་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ མི་ངོམ་༢ པོ་ཆ་ར་ ཆ་མེད་བཏང་ཡོདཔ་ཨིན་པས།


མགར་ས་རྫོང་བདག་ བསོད་ནམས་འཇིགས་མེད་ཀྱིས་འབད་བ་ཅིན་ མི་ངོམ་༢ བཙག་འཐུའི་ནང་ལས་ ཆ་མེད་བཏང་དགོ་མི་དེ་ཡང་ ཁྲོམ་ཁར་ མི་རྩིས་མེད་ནི་དེ་གིས་ཨིན་ཟེར་ སླབ་ཨིན་པས།
མགར་ས་ཁྲོམ་དེ་ གནས་སྐབས་ཅིག་གི་དོན་ལུ་ཨིནམ་ལས་ ཁྲོམ་གཞན་ཁར་བཟུམ་སྦེ་ ཚོང་པ་ཚུ་གི་མིང་ཐོག་ཁར་ ཁྲོམ་ས་བགོ་བཀྲམ་མ་འབད་བར་ ཡོདཔ་ཨིན་པས།
ཨིན་རུང་ རྫོང་ཁག་གིས་ རྫོང་གི་ ཉེ་འདབས་ལུ་ ས་གནས་ཀོ་ལི་ཁ་ཟེར་སར་ ན་ཧིང་ ས་ཆ་ཨེ་ཀར་༧༣ འབད་མི་ཅིག་ ཁྲོམ་ས་སྦེ་ ངོས་འཛིན་འབད་ཡོདཔ་བཞིན་དུ་ ད་ལྟོ་ ཚོང་པ་ཚུ་ ཁྲོམ་ས་བགོ་བཀྲམ་འབད་ནི་ལུ་ སྒུག་སྟེ་ཡོདཔ་ཨིན་པས།
ཁྲོམ་ས་རྒྱ་བསྐྱེད་ཀྱི་སྐོར་ལས་ འདས་པའི་བདུན་ཕྲག་ནང་ དགོན་ཁ་སྟོད་ལ་ཡ་གི་འཐུས་མི་ དམ་ཆོས་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་ལུ་ དྲི་བཀོད་ཞུ་མིའི་ནང་ ད་ལྟོ་ ཚོང་འབྲེལ་གོང་འཕེལ་གྱི་དོན་ལུ་ རྫོང་ཁག་རེ་རེའི་ནང་ ཁྲོམ་སྡེའི་འཐུས་མི་ དགོས་མཁོ་ཡོད་རུང་ ཁྲོམ་གྱི་ས་གོ་དེ་ ཆུངམ་ལས་བརྟེན་ ཁྲོམ་གྱི་དོན་ལུ་ ས་ཁོངས་གསརཔ་ཅིག་ ངོས་འཛིན་འབད་ཡོདཔ་ལས་ གཞུང་གིས་ གོང་འཕེལ་གྱི་གནས་ཚད་ཚུ་ ག་དེམ་ཅིག་ལུ་ ལྷོད་དེ་ཡོད་ག་ཟེར་ ཞུ་ཡི།
ཁོ་གིས་འབད་བ་ཅིན་ རྫོང་ཁག་དེ་ ལྟ་བཤལ་པའི་ ས་ཁོངས་ཡང་ཨིནམ་ལས་ ད་ལྟོ་ ཁྲོམ་ཁར་ བཟའ་ཁང་ཕུད་རྡོག་གཅིག་ཡང་མེདཔ་ལས་ ཁྲོམ་ཅིག་ ཆགས་ཚུགས་པ་ཅིན་ ལྟ་བཤལ་གོང་འཕེལ་གྱི་དོན་ལུ་ ཁེ་ཕན་འབྱུང་ནི་མས་ཟེར་ཞུ་ཡི།
ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ ད་རེས་ནངས་པ་ སྣུམ་འཁོར་ལམ་དེ་ཡང་ གཞུང་ལམ་འབད་ར་བཏོན་ཏེ་ རྫོང་གི་རྩ་བ་ཚུན་ ལྷོད་ཡོདཔ་མ་ཚད་ ལཱ་ཚུ་ཡང་ དུམ་གྲ་རེ་ འགོ་བཙུགས་ཏེ་ཡོད་ཟེར་ཞུ་ཡི།
ཞབས་ཏོག་བློན་པོ་གིས་ དེ་སྦེ་ ཡུན་འགྱངས་ལུས་དགོ་མི་དེ་ ས་གནས་ཀྱི་ ཚོང་པ་ཚུ་ལུ་ ས་ཐོབ་དགོཔ་འདྲཝ་ཅིག་འབད་བ་ཅིན་ སའི་བཅའ་ཁྲིམས་དང་འཁྲིལ་དགོ་ནི་དེ་གིས་ ས་ཆ་ ནམ་བགོ་བཀྲམ་འབད་ནི་ཨིན་ན་ ད་ལྟོ་ གཏན་འཁེལ་སྦེ་ སླབ་མ་ཤེས་རུང་ འཕྲལ་མགྱོགས་ར་ གྲོས་བསྟུན་འབད་དེ་ བཟོ་ནིའི་འཆར་གཞི་ཡོད་ཟེར་ཞུ་ཡི།
མགར་ས་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་སྡེའི་འཐུས་མི་མེད་པའི་ ཁྲོམ་སྡེ་ཚུ་གི་གྲས་ལས་ གཅིག་ཨིནམ་ད་ ད་རེས་ནངས་པ་ ཁྲོམ་ཁར་ ཚོང་གི་ཆོག་ཐམ་འཆང་མི་ ཚོང་པ་༡༠༠ ལྷགཔ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

No comments:

Post a Comment