གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁ་སླབ་མ་ཤེས་རུང་ མིག་ཏོ་དང་རྣམ་ཅོག་ གསལ་དྲགས་ཡོདཔ།

 རང་ལུ་ རྒྱུ་སྟོབས་མེད་པ་ཅིན་ ཐ་ན་ སྤུན་ཆ་ཡོད་རུང་ ཆ་བཞག་བསྐྱེད་མི་ ག་ཡང་མེདཔ་ལས་ དཀའ་སྡུག་གི་ཐོག་ལུ་ སྡོད་དགོཔ་བྱུངམ་མས་ཟེར་ཨིན་པས། 
ཚེ་སྒྲུབ་ལྷ་མོ་དང་ མོ་རའི་བུ་ ཁ་སླབ་མ་ཤེས་མི་ རྩ་རྒས།
 ༡༡/༧/༢༠༡༢། ༉ སྐྱེས་ལོ་༤༠ ཞེ་གྲངས་ནང་འབད་མི་ ཨ་ལུ་༣ གྱི་ཨའི་ ཚེ་སྒྲུབ་ལྷ་མོ་གིས་ ཨ་ལུ་བར་ན་སྐོརམ་ བུ་ཅིག་སྐྱེས་བའི་ཤུལ་ལུ་ ཨ་རྟག་དང་མ་འདྲ་བའི་ སེམས་སྡུག་བྱུང་མི་དེ་ཡང་ བུ་དེ་ ལོ་༥ དེ་ཅིག་ལངམ་ད་ ཁ་སླབ་མ་ཤེསཔ་ ཐལ་སོ་ནི་དེ་གིས་ཨིན་པས།
བུ་དེ་ བཅོ་ཁ་རྐྱབ་ནིའི་དོན་ལུ་ མནོ་བསམ་ག་དེམ་ཅིག་བཏང་རུང་ མོ་ར་ ཉམ་ཆུང་ཅིག་འབདཝ་ལས་ རྒྱུ་སྟོབས་མེད་པའི་ཁར་ ཆ་རོགས་འབད་མི་ ག་ཡང་མེད་ནི་དེ་གིས་ སེམས་སྐྱོ་བའི་ངང་ལུ་ ལུས་སོ་ཡི་ཟེར་ མོ་གིས་ སླབ་ཨིན་པས།

རྒྱལ་ཡོངས་ལས་མི་ནང་ ལཱ་འབད་མི་ མོ་རའི་རྨགཔ་དེནི་ བུ་དེ་ སྐྱེས་ལོ་༣ ལངམ་ད་ ཤི་སོ་ཡི་ཟེར་ ཚེ་སྒྲུབ་ལྷ་མོ་གིས་ སླབ་ཨིན་པས།
བུ་དེ་གི་ མིང་ངོ་མ་ སངས་རྒྱས་བསྟན་འཛིན་ཨིན་རུང་ ད་རེས་ནངས་པ་ ཡོངས་གྲགས་ལུ་ རྩ་རྒས་ཟེར་ འབོ་དོ་ཡོདཔ་ད་ བུཚ་དེ་གི་ གཟུགས་ལུ་བལྟ་བ་ཅིན་ སློབ་གྲྭ་ནང་འགྱོ་མི་ བུཚ་གཞན་ཚུ་དང་ ཅོག་འཐདཔ་སྦེ་ མཐོང་དོ་ཡོདཔ་ད་ ད་རེས་ནངས་པ་ ཁོ་ར་ ཁ་སླབ་མ་ཤེས་ནི་དེ་གིས་ བྱ་ཐབས་མེད་པར་ གཞུང་ལམ་བདའ་སྟེ་ འཁྱམས་སྡོད་སར་ མཐོངམ་ཨིན་པས།
ད་ལྟོ་ སྐྱེས་ལོ་༡༠ དེ་ཅིག་ལང་མི་ རྩ་རྒས་ཀྱིས་ ཐིམ་ཕུ་ལས་ ཤར་ཕྱོགས་ཁ་ཐུག་ལུ་འགྱོ་སའི་ གཞུང་ལམ་བདའ་སྟེ་ འཁྱམས་སྡོད་སར་ མཐོང་མི་དེ་ཡང་ ཁོ་གི་ཨའི་དེ་ གཞུང་ལམ་ཁར་ རྒྱལ་ཡོངས་ལས་མིའི་ ལཱ་འབད་མི་ཅིག་ འབད་ནི་དེ་གིས་ཨིནམ་ད་ ཨའི་དེ་ གཞུང་ལམ་བདའ་སྟེ་ ལཱ་འབད་སྡོད་པའི་སྐབས་ ཁོ་ར་ ས་རྡོ་ལ་སོགས་པའི་ རག་རོག་ཚུ་གི་ རྩེདམོ་རྩེ་སྡོདཔ་ཨིན་པས།
ཁོང་བཟའ་ཚང་༢ མོང་སྒར་ལས་ ཀུ་རི་ཟམ་པ་ཁ་ཐུག་ལུ་འགྱོ་སའི་ གཞུང་ལམ་ཀི་ལོ་མི་ཊཪ་༡༥ དེ་ཅིག་གི་ས་གནས་ མགར་བ་མ་ཎི་ཟེར་ས་ལུ་ གཞུང་ལམ་གྱི་ལྟག་ལུ་ གཞུང་གིས་རྐྱབ་མི་ རྒྱལ་ཡོངས་ལས་མི་ཚུ་གི་ སྡོད་ཁྱིམ་ནང་ སྡོད་དོ་ཡོདཔ་ཨིན་པས།

རྩ་རྒས་ཀྱིས་ ཁ་སླབ་མ་ཤེས་རུང་ འགྲུལ་འཕྲིན་ནང་གི་ 
ཞབས་ཁྲ་ཉན་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན་མས།

བུཚ་དེ་ ཁ་སླབ་མ་ཤེསཔ་མ་གཏོགས་ རྣམ་ཅོག་གིས་ ལེགས་ཤོམ་སྦེ་ གོ་བའི་ཁར་ མིག་ཏོ་གསལ་ཏོག་ཏོ་སྦེ་ མཐོང་ཚུགས་དོ་ཡོདཔ་ཨིན་རུང་ ཕམ་སྤྱང་ཀའི་ བུཚ་ཅིག་འབདཝ་ལས་བརྟེན་ ཁོ་རའི་ ཕོ་རྒནམ་དེ་ དགེ་སློང་ནང་ བཙུགས་ཡོདཔ་མ་གཏོགས་ ཁོ་ར་དང་ སྲིངམོ་དེ་ སློབ་གྲྭ་ནང་ བཙུགས་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ཚེ་སྒྲུབ་ལྷ་མོ་གིས་ སླབ་མིའི་ནང་ མོ་གི་བུཚ་དེ་ ལོ་༥ དེ་ཅིག་ལངམ་ད་ ཁ་སླབ་མ་ཤེསཔ་ ཐལ་སོ་ཡི་ཟེར་ཨིནམ་ད་ ཁྱིམ་ནང་ མི་སྒྲིང་སྒྲིང་ཅིག་ ག་ཡང་མེདཔ་ལས་བརྟེན་ དེ་བཟུམ་གྱི་ བྱ་བ་ལུ་ཐུག་རུང་ སྨན་ཁང་ནང་ སྨན་བཅོས་འབད་ནི་དང་ རིམ་གྲོ་ཚུ་ ག་ནི་ཡང་ འབད་མ་ཚུགས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རང་ལུ་ རྒྱུ་སྟོབས་མེད་པ་ཅིན་ ཐ་ན་ སྤུན་ཆ་ཡོད་རུང་ ཆ་བཞག་བསྐྱེད་མི་ ག་ཡང་མེད་པ་ལུ་བརྟེན་ དཀའ་སྡུག་གི་ཐོག་ལུ་ སྡོད་དགོཔ་བྱུངམ་ལས་ སེམས་འཁྲུལ་སྣང་ལངམ་མས་ཟེར་ཨིན་པས།
མོ་རའི་ ཨ་ལུ་ཚུ་ སློབ་གྲྭ་ནང་ བཙུགས་མ་ཚུགས་མི་དེ་ཡང་ གཙོ་བོ་ར་ ཏི་རུ་མེད་པའི་ཁར་ མོ་ལུ་ ཟད་འགྲོ་བཏང་མི་ ཆ་རོགས་ག་ཡང་ མེད་ནི་དེ་གིས་ཨིན་ཟེར་ སླབ་མ་ཚད་ ད་རེས་ནངས་པ་ ཁོང་བཟའ་ཚང་ཚུ་ ཕོཝ་སྟོངམ་མ་ལུསཔ་ཅིག་སྦེ་ སྡོད་ཚུགས་མི་དེ་ཡང་ གཞུང་གི་བཀྲིན་ལུ་བརྟེན་ རྒྱལ་ཡོངས་ལས་མིའི་གྲངས་སུ་ ཕྱག་ཞུ་ནིའི་གོ་སྐབས་ ཐོབ་ནི་དེ་གིས་ཨིན་ཟེར་ ཨིན་པས།
རྩ་རྒས་དེ་ ཉིམ་གིས་འཚིགས་རུང་ ཆརཔ་གིས་སྦང་རུང་ ཨ་རྟག་ར་ མོ་ར་ གཞུང་ལམ་བདའ་སྟེ་ ལཱ་འབད་བར་འགྱོཝ་ད་ གཅིག་ཁར་ ཁྱིད་འགྱོ་དོ་ཡོདཔ་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ ཨ་ལུ་དེ་ ཁ་སླབ་མ་ཤེསཔ་ རྐྱངམ་གཅིག་མ་གཏོགས་ མིག་ཏོ་དང་ རྣམ་ཅོག་ལུ་ ཐོ་མ་ཕོགཔ་ལས་ དབང་པོ་སྐྱོན་ཅན་གྱི་ སློབ་གྲྭ་ནང་ བཙུགས་ནིའི་དོན་ལུ་ རྒྱབ་སྐྱོར་འཐོབ་ཚུགས་པ་ཅིན་ དྲག་ནི་མས་ཟེར་ཨིན་པས།
ས་གནས་ཀྱི་ མི་ཚུ་གིས་ སླབ་མིའི་ནང་ གྲོང་གསེབ་དང་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ དབང་པོ་སྐྱོན་ཅན་ཚུ་ལུ་ དེ་བཟུམ་གྱི་ཞབས་ཏོག་དང་ རྒྱབ་སྐྱོར་ཡོད་མེད་ ག་གིས་ཡང་ མ་ཤེས་ནི་དེ་གིས་ མཐའ་ཟུར་གཡུས་ཚན་ནང་ར་ མགོ་འཐོམལུསཔ་མས་ཟེར་བའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

 

No comments:

Post a Comment