གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཡོངས་ཚོགས་འདུ་གིས་ འབྲུག་གི་ རྒྱལ་དར་དཔྱད་ཡིག་ཕྱིར་དབྱུང།


དཔྱད་ཡིག་དེ་ སྒེར་གྱི་དཔྱད་ཡིག་ངོ་སྤྲོད་དང་འབྲེལ་བའི་ ལམ་ལུགས་དང་ བྱ་སྒོའི་རིམ་པ་ཚུ་ ག་ནི་ཡང་མེདཔ་ལས་ ད་ལྟོ་ ངོས་ལེན་འབད་མི་ཚུགས་ཟེར་ཨིན་པས། 

 
༤༧༢༠༡༢། ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ འདས་པའི་ཚོགས་ཐེངས་ནང་ སྒེར་གྱི་དཔྱད་ཡིག་སྦེ་ རྒྱལ་ཡོངས་ཚོགས་སྡེ་ནང་ ཕུལ་ཞིནམ་ལས་ གྲོས་བསྡུར་ཞིབ་པར་གནང་སྟེ་ ད་རེས་ རྒྱལ་ཡོངས་ཚོགས་འདུ་ནང་ལྷོད་མི་ འབྲུག་གི་ རྒྱལ་དར་དཔྱད་ཡིག་དེ་ སྒེར་གྱི་ དཔྱད་ཡིག་ངོ་སྤྲོད་ཀྱི་ བྱ་སྒོའི་རིམ་པ་དང་ ལམ་ལུགས་ཅིག་ གཞི་བཙུགས་མ་འབད་ཚུན་ ཕྱིར་དབྱུང་འབད་དེ་ ཚོགས་སྡེ་ལུ་ སླར་ལོག་ཕུལ་ནི་སྦེ་ གྲོས་ཆོད་གནང་ཡི།

རྒྱལ་ཡོངས་ཚོགས་འདུའི་ ཚོགས་དཔོན་འོགམ་ གཡང་ཀུ་ཚེ་རིང་གིས་ དཔྱད་ཡིག་དེ་ གྲོས་བསྡུར་མ་འབད་བར་ ཕྱིར་དབྱུང་འབད་དགོ་པའི་ གྲོས་འདེབས་ཕུལ་མིའི་ནང་ དཔྱད་ཡིག་དེ་ སྒེར་གི་དཔྱད་ཡིག་ཅིག་ཨིནམ་ལས་ ཚོགས་སྡེ་ནང་ལས་ ཚོགས་སྡེའི་ཁྲི་འཛིན་གྱིས་གཙོས་པའི་ འཐུས་མི་ཅིག་དང་ ཚོགས་འདུ་ནང་ལས་ ཚོགས་དཔོན་འོགམ་དང་ འཐུས་མི་ཚུ་དང་གཅིག་ཁར་ ཚོགས་ཁང་སོ་སོའི་ དྲུང་ཆེན་དང་ འགོ་དཔོན་ཚུ་གི་བར་ན་ དཔྱད་ཡིག་དེ་དང་འབྲེལ་བའི་ གྲོས་བསྡུར་ཚུ་ གནང་ཡི་ཟེར་གསུངས་ཡི།
གྲོས་བསྡུར་ཞལ་འཛོམས་དེ་ནང་ འཐུས་མི་ཚུ་གིས་ སྒེར་གྱི་དཔྱད་ཡིག་ ངོ་སྤྲོད་ཀྱི་དོན་ལུ་ ལམ་ལུགས་དང་ བྱ་སྒོའི་རིམ་པ་ཚུ་དགོཔ་ཁག་ཆེ་བའི་ གྲོས་འཆམ་བྱུང་ཡོདཔ་ཨིན་རུང་ ད་རེས་ དཔྱད་ཡིག་དང་ ཁྲིམས་བཟོ་གི་ བྱ་བའི་གནད་སྤྱོད་དང་འཁྲིལ་ ཚོགས་སྡེ་ནང་ལས་ ཆ་འཇོག་གྲུབ་སྟེ་ ཚོགས་འདུ་ལུ་ ཕུལ་ཡོདཔ་ལས་ གྲོས་བསྡུར་གནང་མི་གནང་ དབང་ཚད་ཚོགས་འདུའི་ ཕྱག་ལུ་ཨིནམ་སྦེ་ གྲོས་འཆམ་བྱུང་ཡི་ཟེར་ཨིན་པས།
དེ་འབདཝ་ད་ སྒེར་གྱི་དཔྱད་ཡིག་ ངོ་སྤྲོད་འབད་ཐངས་ཀྱི་ ལམ་ལུགས་དང་ བྱ་སྒོའི་རིམ་པ་ཚུ་ ག་ནི་ཡང་མེད་པར་ དཔྱད་ཡིག་དེ་ཆ་འཇོག་འབད་བ་ཅིན་ མ་འོངས་པ་ལུ་ཡང་ དེ་བཟུམ་མའི་ དཔྱད་ཡིག་ལེ་ཤ་འབྱུང་སྲིད་ནི་ཨིནམ་ལས་ གནས་སྐབས་ཅིག་ སྒེར་གྱི་དཔྱད་ཡིག་ངོ་སྤྲོད་ཀྱི་ བྱ་སྒོའི་རིམ་པ་དང་ ལམ་ལུགས་ཚུལ་མཐུན་ཅིག་ གཞི་བཙུགས་མ་འབད་ཚུན་ ཕྱིར་དབྱུང་འབད་དགོ་པའི་གྲོས་འདེབས་ཕུལ་ཡི།
དེ་གི་རྒྱབ་སྐྱོར་ལུ་ ཀྲོང་གསར་འཐུས་མི་ རིན་ཆེན་རྡོ་རྗེ་གིས་ སྒེར་གྱི་དཔྱད་ཡིག་རྩམ་ཐོག་ལས་ ཚོགས་ཁང་ནང་ གྲོས་བསྡུར་གྱི་དོན་ལུ་ ངོ་སྤྲོད་འབད་ཆོགཔ་ཨིན་རུང་ སྒེར་གྱི་ དཔྱད་ཡིག་དེ་ བརྩམ་ཐངས་དང་ ཚོགས་ཁང་ནང་ ངོ་སྤྲོད་འབད་ཐངས་ཀྱི་ བྱ་སྒོའི་ལམ་ལུགས་ཚུ་ ཁ་གསལ་དགོཔ་འདུག་ཟེར་ཞུ་ཡི།
སྒེར་གྱི་དཔྱད་ཡིག་དེ་ ཡང་ཅིན་ གཞུང་གིས་ རྩ་བ་ལས་ར་ ཟིན་བྲིས་བཀོད་དེ་ ངོ་སྤྲོད་འབད་མ་ཚུགས་མི་ཅིག་དང་ ཡང་ཅིན་ གཞུང་ལུ་ དཔྱད་ཡིག་དེ་བཟུམ་ཅིག་དགོཔ་སྦེ་ གྲོས་འབུལ་ཞུ་ཞིནམ་ལས་ འབྲེལ་ཡོད་ལྷན་ཁག་གིས་ སྒེར་པ་ཚུ་ལུ་ དཔྱད་ཡིག་དེ་ བརྩམ་དགོ་པའི་ བཀའ་རྒྱ་གནང་གནངམ་ཚུ་ འོང་དགོ་ནི་བཟུམ་ཅིག་ མཐོངམ་མས་ཟེར་ཨིནམ་ད་ ག་དེ་སྦེ་ཨིན་རུང་ ད་རེས་ཀྱི་ འབྲུག་གི་རྒྱལ་དར་དཔྱད་ཡིག་དེ་ སྒེར་གྱི་དཔྱད་ཡིག་དང་འབྲེལ་བའི་ ལམ་ལུགས་དང་ བྱ་སྒོའི་རིམ་པ་ ཁ་གསལ་ཅིག་ གཞི་བཀོད་མ་འབད་ཚུན་ ཕྱིར་དབྱུང་འབད་དགོཔ་དེ་ར་ ཁག་ཆེ་བས་ཟེར་ཞུ་ཡི།
མགར་སའི་འཐུས་མི་ དམ་ཆོས་རྡོ་རྗེ་གིས་ འབྲུག་གི་རྒྱལ་དར་དཔྱད་ཡིག་དེ་ སྒེར་གྱི་དཔྱད་ཡིག་སྦེ་ རྒྱལ་ཡོངས་ཚོགས་སྡེའི་ནང་ ངོ་སྤྲོད་འབད་ཞིནམ་ལས་ ཚོགས་སྡེ་གིས་ ཆ་འཇོག་གནངམ་ལས་ སྒེར་གྱི་དཔྱད་ཡིག་གི་ གྲངས་སུ་མི་ཚུད་ཟེར་ཞུ་ཡི།
ཨིན་རུང་ དཔྱད་ཡིག་དེ་ སྒེར་གྱི་དཔྱད་ཡིག་གི་ བྱ་སྒོའི་རིམ་པ་དང་ ལམ་ལུགས་ཁ་གསལ་མེད་པར་ ངོ་སྤྲོད་བྱུང་ཡོད་པའི་ སྒེར་གྱི་དཔྱད་ཡིག་ འགོ་དང་པ་ཨིནམ་ལས་ ཚོགས་འདུ་གིས་ གྲོས་བསྡུར་མ་གནང་པར་ ཕྱིར་དབྱུང་འབད་ནི་ཨིན་པ་ཅིན་ ཁྲིམས་བཟོ་གི་ བྱ་བའི་གནད་སྤྱོད་དང་འཁྲིལ་ ཚོགས་སྡེ་ལུ་ ཚོགས་འདུ་གིས་ ཆ་གནས་འབད་མ་ཚུགས་པར་ ཕྱིར་དབྱུང་འབད་ཡོད་པའི་གནད་དོན་ ཁ་གསལ་བཀོད་དེ་ གཏང་དགོཔ་གལ་ཆེ་ཟེར་ཨིནམ་ད་ དེ་མིན་པ་ཅིན་ གོ་བ་བརྡ་ལོག་སོང་སྟེ་ འདས་པའི་གཉེན་གྱི་བཅའ་ཁྲིམས་ འཕྲི་སྣོན་དཔྱད་ཡིག་དང་འདྲཝ་སྦེ་ ཚོགས་སྡེ་གིས་ ཆ་འཇོག་འབད་ནིའི་དོན་ལུ་ མི་དབང་མངའ་བདག་རྒྱལ་པོ་ལུ་ ཕྱག་རྟགས་ཀྱི་དོན་ལས་ ཕུལ་ནིའི་འོས་འབབ་ཡོད་ཟེར་ཞུ་ཡི།
དེ་མ་ཚད་ སྒེར་གྱི་དཔྱད་ཡིག་ཚུ་ འཛམ་གླིང་གཞན་ཁར་ མཐོང་གསལ་བྱུང་མི་དང་འཁྲིལཝ་ད་ མང་ཤོས་ར་ སྒེར་གྱི་རང་དོན་དང་འབྲེལ་བའི་ གནས་སྟངས་ཚུ་ཡང་ འོང་དོ་ཡོདཔ་ལས་ བྱ་སྒོའི་རིམ་པ་ཁ་གསལ་མེད་པར་ སྒེར་གྱི་དཔྱད་ཡིག་ཚུ་ ཚོགས་ཁང་ཚུ་གིས་ གྲོས་བསྡུར་འབད་དེ་ ཆ་འཇོག་གནང་པ་ཅིན་ བྱ་སྟབས་མ་བདེཝ་འཐོན་སྲིད་ཟེར་ཨིནམ་ད་ དཔེར་ན་ སྲུང་སྐྱོབ་དང་འབྲེལ་བའི་ སྒེར་གྱི་ཟིན་བྲིས་བཀོད་དེ་ བརྩམས་བརྩམ་པའི་ དཔྱད་ཡིག་ཅིག་ གྲོས་བསྡུར་འབད་དེ་ ཆ་འཇོག་འབད་བ་ཅིན་ རྒྱལ་ཁབ་ནང་ སྟབས་མ་བདེཝ་སྦོམ་འཐོན་ནི་གི་ ཉེན་ཁ་ཡོད་ཟེར་ཞུ་ཡི།
དེ་ལས་ ཁྲིམས་བཟོའི་ཚོགས་ཆུང་གི་ཁྲི་འཛིན་ ཨོ་རྒྱན་དབང་འདུས་ཀྱིས་འབད་བ་ཅིན་ གལ་སྲིད་ སྒེར་གྱི་དཔྱད་ཡིག་ངོ་སྤྲོད་དང་འབྲེལ་བའི་ལམ་ལུགས་དང་ བྱ་རིམ་ཁ་གསལ་མེད་པ་ཅིན་ མ་འོངས་པ་ལུ་ གཞུང་སྐྱོང་ལྷན་རྒྱས་དང་ སྤྱི་ཚོགས་ཀྱི་ འཐུས་མི་ཚུའི་བར་ན་ བྱ་སྟབས་མ་བདེ་བའི་ གནས་སྟངས་ཚུ་ཡང་ འཐོན་ནི་གི་ཉེན་ཁ་འདུག་ཟེར་ཨིནམ་ད་ དེ་ཡང་ སྒེར་གྱི་འཐུས་མི་ཚུ་གིས་ སྒེར་གྱི་དཔྱད་ཡིག་ ཚོགས་ཁང་ནང་ བཙུག་ཆོགཔ་ལས་ བཙུག་ནི་གི་ཨུ་ཚུགས་དང་ གཞུང་གིས་ གཞུང་དབང་གནད་དོན་ཨིནམ་ལས་ བཙུག་མ་ཆོག་པའི་བཀག་ཆ་ཚུ་ འབད་ནི་གི་འོས་འབབ་ཡོདཔ་ལས་ བྱ་སྒོའི་རིམ་པ་དང་ ལམ་ལུགས་ཁ་གསལ་ཅིག་ དེ་བཟུམ་མའི་ དཔྱད་ཡིག་ཆ་འཇོག་མ་འབད་བའི་ གོང་ལས་ར་ གཞི་བཙུག་འབད་དགོཔ་ ཁག་ཆེ་བས་ཟེར་ཞུ་ཡི།
དེ་འབདཝ་ལས་ རྒྱལ་ཡོངས་ཚོགས་སྡེ་གིས་ མ་གཞི་ དཔྱད་ཡིག་དང་ ཁྲིམས་བཟོའི་བྱ་བའི་གནས་སྤྱོད་དང་འཁྲིལ་ཏེ་ ཆ་འཇོག་ཐོག་ ཚོགས་འདུ་ལུ་ ཕུལ་ཡོདཔ་ཨིན་རུང་ ཚོགས་འདུ་གིས་ ཁྲིམས་ལུགས་དང་འཁྲིལ་ཏེ་ར་ ཚོགས་སྡེ་ལུ་ སྒེར་གྱི་དཔྱད་ཡིག་དེ་དང་འབྲེལ་བའི་ ལམ་ལུགས་དང་ བྱ་སྒོའི་རིམ་པ་ཚུ་ གཞི་བཀོད་མ་འབད་ཚུན་ཚོད་ ངོས་ལེན་མཛད་ཐབས་མེདཔ་ལས་ ཕྱིར་དབྱུང་འབད་དགོ་པའི་ བརྡ་འཕྲིན་དང་བཅས་ དཔྱད་ཡིག་དེ་ གྲོས་བསྡུར་མ་འབད་བར་ ཕྱིར་དབྱུང་འབད་དགོ་པའི་ གྲོས་འདེབས་ཞུ་ཡི།
གྲོས་འདེབས་དེ་དང་འབྲེལ་ ཁྲིམས་བཟོའི་བྱ་བའི་གནད་སྤྱོད་ཀྱི་ ལེའུ་༤ པའི་དོན་ཚན་༡༧ ལས་༢༣ ཚུན་གྱི་ དགོངས་དོན་ལྟར་ དཔྱད་ཡིག་དེ་ ཕྱིར་དབྱུང་འབད་ནི་གི་དོན་ལུ་ ཚོགས་འདུའི་འཐུས་མི་ཚུ་ མང་ཤོས་ཅིག་གིས་ རྒྱབ་སྐྱོར་ཡོད་པའི་ ལགཔ་སེང་ཡོདཔ་ལས་ ཕྱིར་དབྱུང་ཐོག་ རྒྱུ་མཚན་ཚུ་བཀོད་དེ་ ཚོགས་སྡེ་ལུ་ ཕུལ་ནི་སྦེ་ གྲོས་ཆོད་གྲུབ་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment