གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ཏ་ཆ་རོགས་ཀྱིས་ མཐའ་བཅད་ཆུང་བའི་ནང་ལྷོད་ཡོདཔ།


༩/༧/༢༠༡༢། ༉ ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་མདའ་རྩེད་ཐང་ནང་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་སྲོལ་ཡོད་པའི་ ཁྲི་མངའ་གསོལ་གྱི་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་བའི་བསྒང་ཡོད་མིའི་ནང་ ཁ་ཙ་ ཨ་ཏ་ཆ་རོགས་སྡེ་ཚན་དང་ དགའ་བའི་ཆ་རོགས་སྡེ་ཚན་གྱི་བར་ན་ རྩེད་འགྲན་འབདཝ་ད་ ཨ་ཏ་ཆ་རོགས་སྡེ་ཚན་གྱིས་ སྐུགས་༢ འཕྲངམ་ཕྲང་ས་ཆོད་དེ་ བྱང་ཕྱད་སྡེ་ཚན་དེ་ ཕམ་བཏང་ཡོདཔ་ཨིན་པས།
དེ་ཡང་ རྩེད་འགྲན་འགོ་བཙུགས་ཏེ་སྐོར་ཐེངས་༡༠ པའི་ནང་ ཨ་ཏ་ཆ་རོགས་སྡེ་ཚན་གྱིས་ སྐུགས་༢༠ ཐོབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ སྐུགས་༩ ཐོབ་ཡོདཔ་ད་ ཉིན་མའི་ལྟོ་ཟ་ཞིནམ་ལས་ ལོག་རྩེད་འགྲན་འགོ་བཙུགས་པའི་སྐོར་ཐེངས་དང་པའི་ནང་ར་ ཨ་ཏ་ཆ་རོགས་སྡེ་ཚན་གྱིས་ སྐུགས་དང་པམ་དེ་ཆོད་པའི་སྐབས་ དགའ་བའི་ཆ་རོགས་སྡེ་ཚན་གྱིས་ སྐུགས་༡༢ ལས་བརྒལ་ཐོབ་མ་ཚུགསཔ་ཨིན་པས།
དགའ་བའི་ཆ་རོགས་སྡེ་ཚན་གྱིས་ རྩ་འགེངས་ཏེ་ དོ་འགྲན་ག་དེ་སྦེ་འབད་རུང་ གཞན་མི་སྡེ་ཚན་གྱིས་ སྐུགས་རྩིས་མ་བཅུག་པར་བཏོག་བཏངམ་ལས་ དོ་འགྲན་ཡུན་རིང་འབད་བའི་མཐའན་མཇུག་ ཕྱི་རུའི་ཆུ་ཚོད་༥ དང་སྐར་མ་༣༠ ལུ་ སྐུགས་༡༥ ཐོབ་པའི་སྐབས་སུ་ བྱང་ཕྱད་སྡེ་ཚན་གྱིས་ སྐུགས་༢ པམ་ཆོད་ཡོདཔ་ཨིན་པས།
ལྟག་གི་འབའ་སྐྱོར་ནང་ བཀྲིས་རྟགས་བརྒྱད་དང་ རྒྱཕ་ཕཱསི་སྡེ་ཚན་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཉིན་མ་ལྟོའི་དུས་ཚོད་ཚངམ་ད་ སྡེ་ཚན་གཉིས་ཆ་ར་ དོ་འགྲན་སྦོམ་འབད་བའི་ཁར་ སྡེ་ཚན་གྱི་མདའ་རྩེདཔ་ཚུ་ཡང་ ཉམས་མྱོང་ཅན་འབད་ནི་དེ་གིས་ རྒྱལ་ཕམ་ཕྱེ་མ་ཚུགས་པར་ སྐུགས་༢༤ འདྲན་འདྲ་ལུ་ ལྷོད་ཡོདཔ་ཨིན་པས།

ཕྱི་མི་ལྟ་བཤལཔ་ཚུ་གིས་ མདའ་རྩེད་ལུ་སྤྲོ་བ་ལེན་པའི་བསྒང།

སྡེ་ཚན་གཉིས་ཀྱིས་ སྤྲོ་བ་ཆེ་ཏོག་ཏོ་དང་ ཡ་མཚན་ཅན་སྦེ་ རྩེད་འགྲན་འབད་མི་ལུ་བརྟེན་ ལྟདམོ་ལྟ་མི་ཚུ་ལུ་ཡང་ ངལ་རངས་སྦོམ་བྱུང་ཡོདཔ་ད་ སྐུགས་དང་པམ་དེ་ ག་གིས་ཆོད་ནི་ཨིན་ན་མ་ཤེས་པར་ ཐེ་ཚོམ་གྱི་ངང་ལུ་ ལུས་ཡོདཔ་ཨིན་པས།
བར་མཚམས་ལས་ ལོག་རྩེད་འགྲན་འབད་ནི་འགོ་བཙུགས་པའི་སྐོར་ཐེངས་དང་པའི་ནང་ རྒྱཕ་ཕཱསི་སྡེ་ཚན་གྱིས་ བཀག་རེག་༩ རྐྱབ་པའི་སྐབས་ གཞན་མི་སྡེ་ཚན་གྱིས་ བཀག་རེག་༤ ལས་བརྒལ་ ཕོག་མ་ཚུགསཔ་ལས་ སྐུགས་དང་པམ་དེ་ རྒྱཕ་ཕཱསི་སྡེ་ཚན་གྱིས་ ཆོད་ཡོདཔ་ཨིན་པས།
སྐུགས་གཉིས་པམ་གྱི་དོན་ལུ་ རྩེད་འགྲན་འབདཝ་ད་ ཕྱི་རུའི་ཆུ་ཚོད་ ༥.༣༠ ལུ་དུས་ཚོད་ཚང་བའི་སྐབས་ལུ་ སྡེ་ཚན་གཉིས་ཀྱིས་ སྐུགས་༡༦ དང་ ༦ ལས་བརྒལ་ཐོབ་མ་ཚུགསཔ་ཨིན་པས།
སྡེ་ཚན་གཉིས་ཀྱིས་ ད་རིས་དྲོ་པའི་ཆུ་ཚོད་༨ ལས་ འཕྲོ་མཐུད་རྩེད་འགྲན་འབད་ནི་དང་ སྡེ་ཚན་གཉིས་ག་གིས་རྒྱལ་ཁ་ཐོབ་མི་དེ་ མཐའ་བཅད་ཆུང་བའི་ནང་ལྷོད་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment