གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དྲག་པོའི་དམག་མི་༡༢༣ ཐོར་ཐོར་མི་ཁྱེགས་མཚོའི་ ལཱ་འབད་བར་སོང་ཡོདཔ།

བསྟན་སྲུང་དྲག་པོའི་དམག་སྡེ་གིས་ ཐོར་ཐོར་མི་ཁྱེགས་མཚོ་ མར་ཕབ་རྐྱབ་ནིའི་ལཱ་ནང་ རྒྱབ་སྐྱོར་གང་དྲག་གནང་མི་ལུ་བརྟེན་ དུས་ཅི་ དམིགས་གཏད་འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
ལུང་ནག་ནང་ ཐོར་ཐོར་མི་ཁྱེགས་མཚོའི་མཐོང་སྣང་།

༥/༧/༢༠༡༢། ༉ ལུང་ནག་ནང་ལུ་ ཐོར་ཐོར་མི་ཁྱེགས་མཚོའི་ ཉེན་ཁ་མར་ཕབ་རྐྱབ་ནིའི་དོན་ལུ་ དུས་ཅི་ ལས་མི་ལངམ་སྦེ་ ཐོབ་མ་ཚུགས་མི་ལུ་བརྟེན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྟན་སྲུང་དྲག་པོའི་དམག་སྡེ་ལུ་ རྒྱབ་སྐྱོར་འབད་དགོ་པའི་ བཀའ་རྒྱ་གནངམ་བཞིན་དུ་ ཁ་ཙ་ དྲག་པོའི་དམག་མི་༡༢༣ ཐིམ་ཕུ་ལས་ ཐོར་ཐོར་མི་ཁྱེགས་མཚོའི་ ཚད་གཞི་མར་ཕབ་རྐྱབ་ནིའི་དོན་ལུ་ སོང་ཡོདཔ་ཨིན་པས།

བསྟན་རྒྱས་ལྷན་ཁག་གི་ ས་ཁམས་དང་ས་གཏེར་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ བསོད་ནམས་གཡང་ལེགས་ཀྱིས་ སླབ་མིའི་ནང་ ཐོར་ཐོར་མི་ཁྱེགས་མཚོའི་ ཚད་གཞི་མར་ཕབ་ཀྱི་ ལས་འགུལ་དོན་ལུ་ ལོ་ཨ་རྟག་ར་ སྤྱི་ཟླ་༥ པའི་ནང་ ཟ་ཆས་དང་ ཅ་ཆས་ཚུ་ མཁོ་སྒྲུབ་འབད་དེ་ ལས་མི་འཚོལ་ནི་ འགོ་བཙུགསཔ་ཨིན་རུང་ དུས་ཅི་ ལས་མིའི་ས་སྟོང་ གསལ་བསྒྲགས་འབད་རུང་ ཞུ་ཡིག་བཙུགས་མི་༧༠ དེ་ཅིག་ལས་ མ་འོང་ཟེར་ཨིན་པས།
དེ་གི་གྲས་ལས་ ལ་ལུ་ཅིག་ གཟུགས་ཁམས་དང་འབྲེལ་བའི་ གནད་དོན་ལུ་བརྟེན་ ངོས་ལེན་འབད་མ་ཚུགས་པའི་ལྷག་ལུས་ ལས་མི་༥༥ དེ་ཅིག་ལས་ མ་ཐོན་ནི་དེ་གིས་ ཚ་གྱང་སྦོམ་སྦེ་ར་ ལང་དགོཔ་བྱུང་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
ཡོངས་ཁྱབ་མདོ་ཆེན་གྱིས་ སླབ་མིའི་ནང་ མ་གཞི་ ལས་མི་བསྡོམས་༣༤༠ དེ་ཅིག་ དགོས་མཁོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་ ལམ་བར་ན་ལས་ བཤོལ་བཞག་མི་ཡང་ ཐོན་དོ་ཡོདཔ་ལས་ ལཱ་འབད་སའི་ ས་ཁོངས་ནང་ ལས་མི་༢༠༠ ལྷགཔ་ཅིག་ལས་ མི་ལྷོད་པས་ཟེར་ཨིནམ་ད་ འདས་པའི་ལོ་ཚུ་ནང་ཡང་ ས་ཁོངས་ནང་ ལཱ་ངོ་མ་འབད་མི་༢༠༠ ལྷགཔ་ཅིག་མ་གཏོགས་ མེད་ཟེར་ཨིན་པས།
ཐོར་ཐོར་མི་ཁྱེགས་མཚོའི་ ལཱ་འབད་མི་ཚུ་ལུ་ ཉིནམ་རེ་ལུ་ གླ་ཆ་དངུལ་ཀྲམ་༥༠༠ རེ་དང་ བཟའ་འཐུང་ཚུ་ རིན་མེད་སྟོང་མར་ བྱིན་དོ་ཡོདཔ་མ་ཚད་ ལཱ་འབད་སར་མཁོ་བའི་ གོ་ལ་ཚུ་ཡང་ བྱིན་དོ་ཡོདཔ་ཨིན་པས།
འདས་པའི་ལོ་ཚུ་ནང་ དང་འདོད་བསྐྱེད་མི་ ལས་མི་ལེ་ཤ་ཐོན་དོ་ཡོདཔ་ཨིན་རུང་ དུས་ཅི་ གྱངས་ཁ་ཉུང་སུ་ཅིག་ལས་ མེད་པའི་ཁར་ ཧེ་མ་ བཅའ་མར་གཏོགས་མི་ཚུ་གིས་ཡང་ གླ་ཆ་ཡར་སེང་འབད་བ་ཅིན་ འགྱོ་ནི་ཟེར་ སླབ་དོ་ཡོདཔ་ད་ དུས་ཅི་ མི་ཚུ་གིས་ དང་འདོད་མ་བསྐྱེད་པའི་ གནད་དོན་དེ་ ག་ཅི་ལུ་བརྟེན་ཏེ་ཨིན་ན་ མ་ཤེས་ཟེར་ བསོད་ནམས་གཡང་ལེགས་ཀྱིས་ བཤདཔ་ཨིན་པས།
དེ་བཟུམ་མའི་ གནས་སྟངས་བྱུང་མི་ལུ་བརྟེན་ ལས་འགུལ་གྱི་ བཀོད་ཚོགས་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ བཀོད་ཚོགས་ཀྱིས་འབད་བ་ཅིན་ ལས་ཁུངས་ཀྱིས་ ཐབས་ཤེས་ཚུ་ ག་དེ་དྲག་དྲག་ བཏོན་དགོཔ་སྦེ་ཨིན་རུང་ ཐབས་ལམ་གཞན་མེད་པར་ ལྷན་ཁག་ལུ་ སྙན་ཞུ་འབད་ཞིནམ་ལས་ ལྷན་ཁག་གིས་ བསྟན་སྲུང་དྲག་པོའི་དམག་སྡེ་ལུ་ རྒྱབ་སྐྱོར་འཚོལ་ནུག་ཟེར་ཨིན་པས།
དེ་ལས་ བསྟན་སྲུང་དྲག་པོའི་དམག་སྡེ་གིས་ མི་དབང་མཆོག་ལུ་ སྙན་གསན་ཕུལ་ཡོདཔ་བཞིན་དུ་ མི་དབང་མཆོག་གིས་ ཁྱེགས་མཚོ་མར་ཕབ་ཀྱི་ ལས་འགུལ་དེ་ འབྲུག་མི་ཆ་མཉམ་གྱི་ ཚེ་སྲོག་དང་ རྒྱུ་དངོས་ཚུ་གི་ སྲུང་སྐྱོབ་དང་འབྲེལ་བའི་ ལཱ་ཅིག་ཨིནམ་ལས་ དེ་ལུ་ གཙོ་རིམ་བཟུང་སྟེ་ རྒྱབ་སྐྱོར་འབད་དགོ་པའི་ བཀའ་རྒྱ་གནང་ནུག་ཟེར་ཨིན་པས།
ཁྱེགས་མཚོ་མར་ཕབ་ཀྱི་ ལཱ་འབད་བར་འགྱོ་མི་ དམག་མི་ཚུ་གི་གྲས་ལས་ འགོ་དཔོན་དང་ དཀྱུས་མ་ དེ་ལས་ སྨན་བཅོས་སྡེ་ཚན་འབདཝ་ད་ ཡོངས་བསྡོམས་དམག་མི་༡༢༣ བཏང་མི་ཚུ་ ཁ་ཙ་ འདམ་སྦྱིས་ལུ་ ལྷོད་ནུག་ཟེར་ཨིན་པས།
ད་ལྟོ་ ཐོར་ཐོར་མི་ལས་འགུལ་གྱི་ ས་ཁོངས་ནང་ ལཱ་འབད་མི་༥༠ ལྷགཔ་ཅིག་ ལྷོད་མི་ཚུ་ ལཱ་འགོ་བཙུགས་ཏེ་ཡོདཔ་ད་ བསྟན་སྲུང་དམག་མི་ཚུ་ ཉིནམ་༧ དེ་ཅིག་གི་རྒྱབ་ལས་ ལཱ་འབད་སའི་ ས་ཁོངས་ནང་ ལྷོད་ཚུགས་ནི་ཨིན་པས།
ལ་ཡ་དང་ ལུང་ནག་ནང་གི་ ས་གནས་ཀྱི་ མི་ཚུ་གི་གྲས་ལས་ ལས་མི་༥༠ དེ་ཅིག་ འཐོན་ནི་གི་ འོས་འབབ་ཡོདཔ་ལས་ ཡོངས་བསྡོམས་ ལས་མི་༢༠༠ ལྷགཔ་ཅིག་ འཐོན་པའི་རེ་བ་བསྐྱེདཔ་ཨིན་པས།
ས་ཁམས་དང་ས་གཏེར་ལས་ཁུངས་ཀྱི་ མདོ་ཆེན་གྱིས་ སླབ་མིའི་ནང་ ལས་འགུལ་གྱི་ཁ་ཐུག་ལས་ དམག་མི་ཚུ་ལུ་ སྤྱིར་བཏང་ལས་འགུལ་གྱི་ བྱ་རིམ་དང་བསྟུན་པའི་ ཉིན་བསྟར་གྱི་གླ་ཆ་ཚུ་ ཅོག་འཐདཔ་སྦེ་ བྱིན་ནི་ལུ་ སྟབས་མ་བདེཝ་མེད་རུང་ བསྟན་སྲུང་དམག་སྡེའི་ ཡིག་ཚང་གཙོ་ཁང་གི་ བཀའ་རྒྱ་དང་འཁྲིལ་ ལག་ལེན་འཐབ་ནི་ཟེར་ཨིན་པས།
ཐོར་ཐོར་མི་ཁྱེགས་མཚོའི་ ཚད་གཞི་མར་ཕབ་ཀྱི་ ལས་འགུལ་དེ་ སྤྱི་ལོ་༢༠༠༩ ལས་ འགོ་བཙུགས་ཡོདཔ་ད་ ལས་འགུལ་དེ་ ལོ་༣ གྱི་རིང་ཨིན་རུང་ དུས་ཅི་ལས་ སང་ཕོད་སྤྱི་ཟླ་༦ པ་ཚུན་ ད་རུང་ ལོ་༡ ཕར་འགྱངས་འབད་ཡོདཔ་ད་ ལོ་དེ་ནང་ ལས་འགུལ་གྱི་དམིགས་གཏད་ ཁྱེགས་མཚོའི་ཚད་གཞི་ མི་ཊར་༥ མར་ཕབ་རྐྱབ་ནི་ཨིན་པས།
བསོད་ནམས་གཡང་ལེགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ དུས་ཅི་གི་ ལས་འགུལ་གནས་ཡུན་ནང་ ཁྱེགས་མཚོའི་ཚད་གཞི་ མི་ཊར་༡.༣༨ མར་ཕབ་རྐྱབ་དགོཔ་ཨིན་ཟེར་ཨིནམ་ད་ བསྟན་སྲུང་དྲག་པོའི་དམག་སྡེ་གིས་ དེ་བཟུམ་མའི་ རྒྱབ་སྐྱོར་གནང་མི་ལུ་བརྟེན་ དུས་ཅི་ དམིགས་གཏད་འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།


No comments:

Post a Comment