གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཏི་རུ་ རྫུས་མ་བཀྲམ་སྤེལ་གྱིས་ ཕོ་སྐྱེས་༢ ལུ་ བཙོན་ཁྲིམས་ ལོ་༣ ཚུན་བཀལ་ཡོདཔ།


༦/༧/༢༠༡༢། ༉ འདས་པའི་ ཟླཝ་༣ པའི་ནང་ དར་དཀར་ནང་གི་ གཤམ་མཁར་རྡོ་ལེགས་གཡུས་ཚན་ནང་ལས་ཨིན་མི་ ཕོ་སྐྱེས་སྤུན་ཆ་༢ ཀྱིས་ ཏི་རུ་ རྫུས་མ་ལག་ལེན་ཐོག་ བཀྲམ་སྤེལ་འབད་ཡོད་པའི་ཉེས་འཛུགས་ གཅིག་ལུ་ བཙོན་ཁྲིམས་ལོ་ངོ་༡ དང་ཟླཝ་༣ དེ་ལས་ གཞན་མི་ལུ་བཙོན་ཁྲིམས་ལོ་༣ སྨིན་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
འཁྲུན་ཆོད་དེ་ཡང་ རྩི་རང་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ཟླ་༧ པའི་ཚེས་༣ ལུ་བཏོན་གནང་ཡོདཔ་ཨིན་པས།
དངུལ་ལོར་རྫུས་མ་བཀྲམ་སྤེལ་ནང་ གཙོ་ཅན་ཨིན་མི་ སྐྱེས་ལོ་༢༢ འབད་མི་ པདྨ་ལི་ད་ལུ་ དངུལ་ལོར་རྫུས་བཟོའི་ཉེས་འཛུགས་འབད་ཡོདཔ་ད་ འཁྲུན་ཆོད་དེ་དང་འཁྲིལཝ་ད་ ཉེས་ཅན་དེ་གིས་ ཁྲིམས་འཐུས་དངུལ་ཀྲམ་༡༠༨,༠༠༠ བཏབ་ཆོག་ཟེར་ཨིན་པས།


པདྨ་ལི་ད་གིས་ དངུལ་ཀྲམ་༧༥,༠༠༠ སྤྲོད་ཐོག་ལས་ ཕུན་ཚོགས་གླིང་གི་ ས་མཚམས་ཁར་ རྒྱ་གར་གྱི་ཁྲོམ་སྡེ་ཇའི་སྒང་ལས་ དངུལ་ལོར་རྫུས་མ་༡༥༠,༠༠༠ འབག་ཡོད་པའི་ ཉེས་ཁ་བཟེད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལས་ ཉེས་བཤེར་འབད་མི་ ཁྲིམས་འབྲེལ་འགོ་དཔོན་ཅིག་གིས་འབད་བ་ཅིན་ འཁྲུན་ཆོད་དེ་ འོས་ལྡན་ཅིག་མ་སོང་ཟེར་ཨིནམ་ད་ དེ་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༢༨ པ་དང་འཁྲིལཝ་ད་ ཉེས་ལས་དེ་ ཉེས་པ་ཡང་ཕྲའི་འོག་ལུ་ཚུདཔ་ལས་ ཁྲིམས་འཐུས་བཏབ་སྟེ་བཏང་ ཆོག་པའི་འོས་འབབ་མ་མཐོང་ཟེར་ཨིན་པས།
འབྲུག་གི་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༢༨ པ་ནང་གསལ་ལྟར་འབད་བ་ཅིན་ ཉེས་ལས་བསྐྱར་ཟློས་ཚན་དང་ རྒྱུན་འཇགས་གནོད་འགེལ་པ་ཨིན་ན་མ་གཏོགས་ ཁྲིམས་འདུན་ལས་ ཉེས་ཆེན་གྱི་གནོད་འགེལ་མིན་པའི་རིགས་ ཁྲིམས་འཐུས་ཀྱི་བཀའ་རྒྱ་གནང་ཆོག་ཟེར་ཨིན་པས།
དེ་འབད་ནི་དེ་གིས་ འགོ་དཔོན་དེ་གིས་འབད་བ་ཅིན་ ཉེས་ཅན་དེ་ལུ་ཁྲིམས་འཐུས་ཀྱི་གནང་བ་མེདཔ་སྦེ་ བཙོན་ཁྲིམས་སྨིན་དགོཔ་ཨིནམ་ལས་ ཆེ་མཐོ་ཁྲིམས་ཀྱི་འདུན་སར་ མཐོ་གཏུགས་འབད་ནི་གི་དོན་ལུ་ གྲོས་བསྟུན་འབད་ནི་ཟེར་ཨིནམ་ད་ མཐོ་གཏུགས་འབད་བ་ཅིན་ འཁྲུན་ཆོད་བཏོན་པའི་ཉིནམ་ལས་ ཡིག་ཚང་གི་ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ མཐོ་གཏུགས་འབད་ཆོགཔ་ཨིན་པས།
ཉེས་ཅན་པདྨ་ལི་ད་གི་ ཕོ་རྒནམོ་ ཚེ་དབང་དངོས་གྲུབ་དེ་ ཁོ་གི་སྤུན་ཆ་ལུ་ ཏི་རུ་རྫུས་མ་ལག་ལེན་གྱི་ནང་ ཆ་རོགས་དང་ གྲོགས་རམ་འབད་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ད་ ཁོ་གིས་བཙོན་ཁྲིམས་ཟླཝ་༡༨ ཀྱི་དོན་ལུ་ ཁྲིམས་འཐུས་དངུལ་ཀྲམ་༥༤,༠༠༠ བཏབ་ཆོག་ནི་ཨིན་པས།
སྤུན་ཆ་༢ པོ་དེ་ སྤྱི་ཟླ་༣ པའི་ཚེས་༡༨ ལུ་ རྩི་རང་ཅཱང་ལྕེ་ལས་ ཚོང་པ་ཅིག་གིས་ ཏི་རུ་རྫུས་མ་ངོས་འཛིན་འབད་བའི་ཤུལ་ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ འཛིན་བཟུང་འབད་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment