གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གློག་ཤུགས་ཕྱིར་བཙོང་ལུ་བརྟེན་ རྒྱལ་ཁབ་ཀྱི་ འོང་འབབ་བཟོ་ནིའི་དམིགས་གཏད།

༡༣/༧/༢༠༡༢   ད་ལས་ཕར་ ལོ་༨ ཀྱི་ནང་འཁོད་ལུ་ གློག་ཤུགས་ མེ་ག་ཝཱཊ་༣༠,༠༠༠ བཟོ་སྐྲུན་འབད་ནི་ཨིན་མི་ལས་ བརྒྱ་ཆ་༩༠ དེ་ཅིག་ ཕྱི་ཁར་བཙོང་ནི་གི་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་པས།

༉ སྤྱི་ལོ་༢༠༢༠ གི་ནང་འཁོད་ལུ་ འབྲུག་རྒྱལ་ཁབ་ནང་ གློག་མེའི་ཤུགས་ཚད་ མེ་ག་ཝཱཊ་༣༠,༠༠༠ བཟོ་སྐྲུན་འབད་ནིའི་དོན་ལུ་ རྒྱལ་ཁབ་ཀྱི་ གཙང་ཆུ་སྦོམ་ཚུ་ནང་ ལས་འགུལ་གྱི་ལཱ་ཚུ་ འབད་བའི་བསྒང་ཡོདཔ་བཞིན་དུ་ ད་ལྟོ་ ས་གནས་ཁག་༩ དེ་ཅིག་ནང་ ལཱ་འབད་བའི་བསྒང་ཡོདཔ་ཨིན་པས།
སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་ གོ་རིམ་དང་པའི་ ཆུ་ཁ་བསྒྱུར་གཏང་སའི་མཐོང་སྣང་།


དེ་ཡང་ སྤུ་ན་གཙང་ཆུའི་ ལས་འགུལ་༢ ལས་ གོ་རིམ་དང་པ་ མེ་ག་ཝཱཊ་༡,༢༠༠ དང་ གོ་རིམ་༢ པ་ མེ་ག་ཝཊ་༡,༠༢༠ འབད་མི་དེ་ ལོ་བདུན་གྱི་ནང་འཁོད་ལུ་ མཇུག་བསྡུ་ནིའི་དོན་ལས་ ལཱ་ཤུགས་བཏོན་དོ་ཟེར་ སྤུ་ན་གཙང་ཆུ་ལས་འགུལ་གྱི་ འཛིན་སྐྱོང་མདོ་ཆེན་ ཁ་ཛཱན་ཅི་གིས་ སླབ་ཨིན་པས།
ལས་འགུལ་ཚུ་གི་གྲས་ལས་ སྦོམ་ཤོས་ཅིག་ཨིན་མི་ མེ་ག་ཝཱཊ་༢,༥༠༠ འབད་མི་ སཱུན་ཀོཤ་གློག་མེ་ལས་འགུལ་དེ་ཡང་ སྤུ་ན་གཙང་ཆུའི་ མཇུག་ལུ་ཡོདཔ་ད་ ད་ལྟོ་ ལག་ལེན་འཐབ་པའི་བསྒང་ཡོད་མི་ ཨ་མོ་ཆུ་གློག་མེ་ལས་འགུལ་རྩིསཝ་དང་ གཙང་ཆུའི་འོག་ལུ་ གློག་མེ་ལས་འགུལ་༤ ཡོདཔ་ཨིན་པས།
ཧེ་མ་འབད་བ་ཅིན་ ལས་འགུལ་གྱི་ གློག་ཤུགས་མེ་ག་ཝཱཊ་༤,༠༦༠ བཟོ་ནི་སྦེ་ འཆར་གཞི་བརྩམས་རུང་ ཤུལ་ལས་ མེ་ག་ཝཱཊ༢,༥༠༠ ལུ་ མར་ཕབ་རྐྱབ་ཡོདཔ་ཨིན་པས།
དེའི་ཤུལ་ལས་ར་ ཀུ་རི་ཆུ་དང་ གོང་རི་ཆུ་ གློག་མེ་ལས་འགུལ་དེ་ཨིནམ་ད་ ལས་འགུལ་དེ་ བཀྲིས་སྒང་གི་ གྲང་མེད་ཆུ་དང་ བཀྲིས་གཡང་རྩེ་ལས་བབས་པའི་ ཁོ་ལོང་ཆུ་འཛོམས་སར་ རྐྱབ་ནི་ཨིནམ་ད་ ད་ལྟོ་ གློག་ཤུགས་མེ་ག་ཝཱཊ་༡,༨༠༠ རྐྱབ་ནི་ཨིན་མི་དེ་ གཞུང་གི་སྲིད་བྱུས་དང་འཁྲིལ་བ་ཅིན་ མེ་ག་ཝཱཊ་༣,༣༠༠ ལུ་ ཡར་སེང་འབད་བ་ཅིན་ རྒྱལ་ཁབ་ནང་ གློག་མེ་འཕྲུལ་ཁང་སྦོམ་ཤོས་ཅིག་ འོང་ནི་ཨིན་པས།
བཀྲིས་གཡང་རྩེ་ ཁོ་ལོང་ཆུ་ལུ་ གློག་ཤུགས་མེ་ག་ཝཱཊ་༦༠༠ འབད་མི་ ལས་འགུལ་གྱི་ལཱ་དེ་ སྒོམ་ཕུག་སྐོར་རའི་ གནས་སྒོ་གི་ ཉེ་འདེབས་ལས་ ས་དོང་སྤེག་ནིའི་ལཱ་ཚུ་ འགོ་བཙུགས་ཡོདཔ་ད་ གློག་ཤུགས་མེ་ག་ཝཱཊ་༧༢༠ འབད་མི་ ལྕམ་མཁར་ཆུ་དང་ མེ་ག་ཝཱཊ་༦༠༠ འབད་མི་ ཨ་མོ་ཆུའི་ལས་འགུལ་ཡང་ འཕྲལ་མགྱོགས་ར་ འགོ་བཙུགས་ནི་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་ གློག་མེ་ལས་ཁུངས་འགོ་དཔོན་ ཡེ་ཤེས་ཀྱིས་འབད་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ གློག་མེ་ལས་འགུལ་༡༥ ཡོད་ས་ལས་༨ རྐྱབ་པའི་བསྒང་ཡོད་ཟེར་ཨིནམ་ད་ རྐྱབ་ཚར་མི་ལས་འགུལ་དེ་ མེ་ག་ཝཱཊ་༣༣༦ འབད་མི་ཆུ་ཁ་དང་ མེ་ག་ཝཱཊ་༡,༠༢༠ འབད་མི་ དར་ལ་གློག་མེ་ དེ་ལས་ མེ་ག་ཝཱཊ་༦༠ འབད་མི་ ཀུ་རི་ཆུ་གློག་མེ་འཕྲུལ་ཁང་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ འགོ་དང་པ་ གློག་མེའི་འཕྲུལ་ཁང་དེ་ སྤྱི་ལོ་༡༩༦༦ ལུ་ ཕུན་ཚོགས་གླིང་ལུ་སྦེ་ ས་སྣུམ་ཌི་ཟིལ་གྱི་ཐོག་ལས་ གློག་ཤུགས་ཀི་ལོ་ཝཱཊ་༢༥༦ འབད་མི་ཅིག་ གཞི་བཙུགས་འབད་ནུག་ཟེར་ཨིནམ་ད་ ཆུ་ལུ་བརྟེན་པའི་ གློག་མེ་དེ་ འགོ་དང་པ་ སྤྱི་ལོ་༡༩༦༧ ལུ་ ཐིམ་ཕུ་ལུ་ གློག་ཤུགས་ཀི་ལོ་ཝཱཊ་༣༦༠ འབད་མི་ཅིག་ འགོ་བཙུགས་ནུག་ཟེར་ཨིན་པས།
སྤྱི་ལོ་༡༩༦༨ ལུ་ རྒྱལ་ཁབ་ཀྱི་ ས་གནས་མང་ཤོས་ཅིག་ནང་ གློག་མེའི་ཞབས་ཏོག་མེད་པའི་སྐབས་ བསམ་རྩེ་དང་ སིབ་སུ་ དེ་ལས་ ཕུན་ཚོགས་གླིང་ལུ་ སྡོད་མི་ཚུའི་དོན་ལུ་ གློག་མེ་དེ་ རྒྱ་གར་ ནུབ་བཱེང་གཱལ་མངའ་སྡེ་ལས་ ནང་འདྲེན་འབད་ཡོདཔ་ད་ དེ་ལས་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ གསར་སྤང་གི་དོན་ལུ་ ཨ་སཱམ་མངའ་སྡེ་ལས་ ནང་འདྲེན་འབད་དེ་ ལག་ལེན་འཐབ་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ གློག་མེ་ མེ་ག་ཝཱཊ་མཐོ་ཤོས་དེ་ སྤྱི་ལོ་༡༩༧༨ ལུ་ འགོ་བཙུགས་མི་ ཆུ་ཁ་གློག་མེ་ལས་འགུལ་ཨིནམ་ད་ འཕྲུལ་ཁང་གིས་ ཐོན་སྐྱེད་འབད་མི་ གློག་མེ་དེ་ ད་རེས་ རྒྱ་གར་ལུ་ བཙོང་དོ་ཡོདཔ་ད་ ད་ལས་ཕར་ ལོ་༨ ཀྱི་ནང་འཁོད་ལུ་ གློག་ཤུགས་ མེ་ག་ཝཱཊ་༣༠,༠༠༠ བཟོ་སྐྲུན་འབད་ནི་ཨིན་མི་ལས་ བརྒྱ་ཆ་༩༠ དེ་ཅིག་ ཕྱི་ཁར་བཙོང་ནི་གི་ དམིགས་གཏད་བསྐྱེད་དོ་ཟེར་ གློག་མེ་འགོ་དཔོན་ཚུ་གིས་སླབ་ཨིན་པའི་གནས་ཚུལ།
དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment