གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགེ་ལེགས་ཕུག་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ རྒྱ་བསྐྱེད་ཀྱི་ལས་འགུལ་དེ་ སྤྱི་ཟླ་༨ པའི་ནང་ རིན་བསྡུར་འབད་ནི།

མི་རློབས་ཡར་སེང་འགྱོ་མི་དང་བསྟུན་ དགེ་ལེགས་ཕུག་གི་ 
ལུག་ཕྱོགས་གཙོ་བསྟེན་སྨན་ཁང་ རྒྱ་བསྐྱེད་འབད་ནི་ཨིན་མས།
༣/༧/༢༠༡༢། ༉ ད་ཚུན་ལུ་ དགེ་ལེགས་ཕུག་ལུང་ཕྱོགས་སྨན་ཁང་ རྒྱ་བསྐྱེད་འབད་མ་ཚུགས་པར་ལུས་ཡོད་མི་དེ་ དུས་ཅི་ སྤྱི་ཟླ་༨ པའི་ནང་ རིན་བསྡུར་འབད་ནི་དང་ སྤྱི་ཟླ་༡༠ པའི་ནང་ལས་ བཟོ་སྐྲུན་གྱི་ལཱ་འགོ་བཙུག་ཚུགས་པའི་རེ་བ་ཡོད་ཟེར་ གསོ་བའི་སྨན་ཁང་མཐུན་རྐྱེན་གོང་འཕེལ་སྡེ་ཚན་གྱི་ འགོ་དཔོན་གྱིས་བཤདཔ་ཨིན་པས།
སྨན་ཁང་དེ་ འཆར་གཞི་༡༠ པའི་ནང་ དབུས་ཕྱོགས་གཙོ་བསྟེན་སྨན་ཁང་ལུ་ རྒྱ་བསྐྱེད་འབད་ནི་ཨིན་མི་དེ་ཡང་ རྒྱ་གར་གཞུང་གི་མ་དངུལ་གྲོགས་རམ་ཐོག་ལས་ གོང་འཕེལ་གཏང་ནིའི་ འཆར་གཞི་ཡོདཔ་ཨིན་པས།


དགེ་ལེགས་ཕུག་ཁྲོམ་ལས་ ཀི་ལོ་མི་ཊར་༥ གི་ས་ཁར་ དཔལ་རི་ཐང་ལུ་ ས་ཆ་ཨེ་ཀར་༡༤ ལྷགཔ་ཅིག་ ངོས་འཛིན་འབད་དེ་ གསོ་བའི་ལྷན་ཁག་གི་ མིང་ཐོག་ཁར་ ཐོ་བཀོད་འབད་དེ་ སྤྱི་ལོ་༢༠༠༤ ལས་ ས་ཆ་ངོས་འཛིན་དང་འབྲེལ་བའི་ ལཱ་ཚུ་ཡང་ འགོ་བཙུགས་ཡོདཔ་ཨིན་པས།
ཨིན་རུང་ ས་ཆ་དེ་གི་ སྦོ་ལོགས་ཁ་ལས་ ཤི་ཏི་ཁོ་ལ་ཟེར་མི་ གཙང་ཆུ་ཡོད་མི་གིས་ ཆུ་རུད་འཐོན་ནིའི་ཉེན་ཁ་ཡོདཔ་མ་ཚད་ ཁྲོམ་ལས་ཡང་ ཐག་རིང་བའི་ཁར་ སྨན་ཁང་ནང་འོང་མི་ཚུ་གི་དོན་ལུ་ ཤི་ཏི་ཁོ་ལ་གི་ ཟམ་རྐྱབ་དགོཔ་ཡོདཔ་ལས་ ད་ལྟོ་ཡོད་པའི་ སྨན་ཁང་དེ་ར་ རྒྱ་བསྐྱེད་འབད་ཐོག་ལས་ གོང་འཕེལ་གཏང་ནི་གུ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
མི་མང་གསོ་བའི་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་ རྡོ་རྗེ་དབང་ཕྱུག་གིས་ སླབ་མིའི་ནང་ དཔལ་རི་ཐང་ལུ་འབད་བ་ཅིན་ ས་ཐག་རིང་བའི་ཁར་ གནམ་འབྱ་ཆར་ཆུ་གི་ དཀའ་ངལ་ལུ་བརྟེན་ མི་མང་ལུ་ཞབས་ཏོག་དང་འབྲེལ་བའི་ དཀའ་ངལ་དེ་ དོ་འགྲན་ཅན་ལུ་ འགྱུར་ནི་ཨིན་མས་ཟེར་ཨིན་པས།
ད་ལྟོ་ཡོད་པའི་ དགེ་ལེགས་ཕུག་སྨན་ཁང་དང་ ཧེ་མ་ རྒྱལ་ཡོངས་བཟའ་ཚང་གསོ་བའི་སློབ་སྦྱོང་ལྟེ་བ་ཨིན་མི་ བསྟན་སྲུང་དམག་སྒར་གྱི་ས་ཁོངས་ནང་ ས་ཆ་བསྡོམས་ཀྱིས་ ཨེ་ཀར་༡༢ དེ་ཅིག་ཡོདཔ་ལས་ དེ་ནང་རྐྱབ་པ་ཅིན་ ཁྲོམ་སྡེའི་ སྦོ་ལོགས་ཁར་ཨིན་པའི་ཁར་ མི་མང་ཞབས་ཏོག་སྤྱོད་ནི་ལུ་ཡང་ བྱ་སྟབས་བདེ་ཏོག་ཏོ་འདུག་ཟེར་ཨིན་པས།
ད་ལྟོ་ བསྟན་སྲུང་དམག་སྒར་ཡོད་མི་ཚུ་ སྤྱི་ཟླ་༡༠ པའི་ནང་འཁོད་ལུ་ སྤོ་འགྱོ་ནི་ཨིནམ་ད་ དེ་གི་ཤུལ་ལས་བཟོ་སྐྲུན་གྱི་ལཱ་ཚུ་ འགོ་བཙུག་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་པས།
སྨན་ཁང་གསརཔ་དེ་ནང་ ནད་པའི་སྡོད་ཁྲི་༡༥༠ གི་ཤོང་ཚད་ཅན་སྦེ་ རྐྱབ་ནི་དང་ གཞན་ཡང་ མོང་སྒར་དང་ ཐིམ་ཕུའི་སྨན་ཁང་དང་ ཆ་མཚུངས་ཀྱི་ མཐུན་རྐྱེན་ཚུ་གཞི་བཙུགས་འབད་དེ་ གོང་འཕེལ་གཏང་ནི་གི་ འཆར་གཞི་ཨིནམ་ལས་ ལས་འགུལ་གྱི་དོན་ལུ་ རྒྱ་གར་གཞུང་ལས་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༥༩༥ དེ་ཅིག་ ཡོདཔ་ཨིན་པས།
དེ་དང་འབྲེལ་ གཞན་ཡང་ རྒྱ་གར་གཞུང་གི་ མ་དངུལ་གྲོགས་རམ་ཐོག་ལས་ བསམ་རྩེ་སྨན་ཁང་ རྒྱ་བསྐྱེད་འབད་ནི་ཨིན་མི་དེ་ཡང་ རིན་བསྡུར་འབད་དེ་ བཟོ་སྐྲུན་ལཱ་ཚུ་ འགོ་བཙུག་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment