གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྐང་འགྲུལ་པའི་ཉིནམ་ལུ་ མོང་སྒར་གྱི་ གླ་འཁོར་དེད་གཡོགཔ་ཚུ་ དབུགས་འགམ་བྱུང་དོ་ཡོདཔ།

 ཨ་རྟག་འབད་བ་ཅིན་ གླ་འཁོར་ལུ་བརྟེན་ ཉིནམ་རེ་ལུ་ འོང་འབབ་དངུལ་ཀྲམ་༣,༠༠༠ དེ་ཅིག་ འཐོབ་ནི་ཡོད་རུང་ རེས་གཟའ་ལྷག་པ་ལུ་ དངུལ་ཀྲམ་༥༠༠ ཡང་ འཐོབ་ཚུགས་པར་ ལཱ་ཁག་བཏངམ་མས་ཟེར་ཨིན་པས།
རྐང་འགྲུལ་པའི་ཉིནམ་ལུ་ འགྲུལ་པ་ཐོབ་མ་ཚུགས་པར་ 
དབུགས་འགམ་བྱུང་མི་ མོང་སྒར་གྱི་ གླ་འཁོར་དེད་གཡོགཔ་ཚུ།
 ༡༢/༧/༢༠༡༢། ༉ རྫོང་ཁག་གཞན་ཚུ་ནང་ རེས་གཟའ་ལྷག་པ་ལུ་ རྐང་འགྲུལ་པའི་ཉིན་མར་ གླ་འཁོར་དེད་གཡོགཔ་ཚུ་ ཉིནམ་གཞན་ཚུ་དང་ཕྱདཔ་ད་ འོང་འབབ་ལེགས་ཤོམ་སྦེ་ བཟོ་ཚུགས་དོ་ཡོདཔ་ཨིན་རུང་ མོང་སྒར་ཁྲོམ་ཁ་ལུ་ གླ་འཁོར་བཏང་མི་ཚུ་ ཉིནམ་དེ་ཁར་ ཧེང་སྐལ་ར་ འགྲུལ་པ་མ་ཐོབ་པའི་ དཀའ་ངལ་བྱུང་དོ་ཡོདཔ་ཨིན་པས།

འགྲུལ་པ་ཚུ་ ཐོབ་མ་ཚུགས་མི་དེ་ཡང་ རེས་གཟའ་ལྷག་པ་ལུ་ ཨ་རྟག་ར་ སྣུམ་འཁོར་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་མ་ཆོག་པའི་མནོ་བསམ་བཏང་མི་ལུ་བརྟེན་ཏེ་ཨིན་པས།
མི་ལ་ལུ་ཅིག་གིས་ གླ་འཁོར་ཡང་ འགྲུལ་སྐྱོད་འབད་མ་ཆོག་པའི་ མནོ་བསམ་བཏང་དོ་ཡོདཔ་ད་ དཔེ་འབད་བ་ཅིན་ མོང་སྒར་ཁྲོམ་བཟུམ་ཅིག་ནང་འབད་བ་ཅིན་ གླ་འཁོར་ཚུ་ནང་ འགྲོ་འགྲུལ་འབད་མི་ མང་ཤོས་ཅིག་ར་ མི་སེར་སོ་ནམ་པ་ཚུ་ཨིནམ་ལས་ ཉིནམ་དེ་ཁར་ སྣུམ་འཁོར་མི་ཐོབ་ནི་མས་ཟེར་ སོ་ནམ་ཐོན་སྐྱེད་ཚུ་བཙོང་པར་ མ་འོང་པར་སྡོད་མི་ལུ་བརྟེན་ ཨིན་མས་ཟེར་ གླ་འཁོར་དེད་གཡོགཔ་ ཨྱོན་གྱིས་ སླབ་ཨིན་པས།
སྣུམ་འཁོར་ཚུ་ ཕར་ཚུར་འགྲོ་འགྲུལ་འབད་ནི་ལས་ བཀག་ཆ་འབད་དེ་ བཞག་མི་དེ་གིས་ གླ་འཁོར་ཚུ་གི་ ཚོང་འབྲེལ་ལུ་བར་ཆད་དང་ ཚོང་འབྲེལ་འཐབ་མི་ ཚོང་པ་གཞན་ཚུ་ལུ་ཡང་ ཚོང་མགྲོན་པ་ཚུ་ ཉིནམ་ཨ་རྟག་དང་ཕྱདཔ་ད་ ཉུང་སུ་ཅིག་ལས་བརྒལ་ འོང་ནི་མེདཔ་ཨིན་པས།
མོང་སྒར་ཁྲོམ་བཟུམ་ཅིག་ནང་འབད་བ་ཅིན་ བདུན་ཕྲག་ཨ་རྟག་ར་ རེས་གཟའ་ལྷག་པ་ལུ་ རྐང་འགྲུལ་པའི་ཉིན་མར་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་ལྟ་རྟོག་པ་ཚུ་གིས་ཡང་ སྣུམ་འཁོར་ཚུ་གི་ འགྲུལ་སྐྱོད་ལུ་ སྒྲིང་སྒྲིང་འབད་ར་ ལྟ་རྟོག་འབད་དོ་ཡོདཔ་ཨིན་པས།
ཨིན་རུང་ གླ་འཁོར་དེད་གཡོགཔ་ ལ་ལུ་ཅིག་གིས་ ཀུན་གསལ་ལུ་ སླབ་མིའི་ནང་ ཉིནམ་དེ་ཁར་ སྣུམ་འཁོར་གཞན་ཚུ་ ཁྲོམ་གྱི་སྒོ་ར་ཁ་ཚུན་ བཏང་དོ་ཡོདཔ་ལས་ སྒེར་འཁོར་བཏང་མི་ མང་ཤོས་ཅིག་གིས་ ཁྲིམས་ལུ་མ་གནས་པར་ ཁོང་རའི་ སྣུམ་འཁོར་ཚུ་བདའ་སྟེ་ སྒོ་ར་ཁ་ཚུན་ འོང་ཞིནམ་ལས་ བཞག་དོ་ཡོདཔ་ཨིན་པས།
ད་ལས་ཕར་ སྣུམ་འཁོར་གྱི་ འགྲོ་འགྲུལ་བཀག་ཆ་དེ་ ཁྲོམ་ནང་འཁོད་ལུ་རྐྱངམ་གཅིག་གིས་མ་ཚད་པར་ གཞུང་ལམ་བདའ་སྟེ་ཡང་ལྟ་རྟོག་འབད་དེ་ སྣུམ་འཁོར་གྱི་རྒྱུན་འབྲེལ་དེ་ ལམ་ཐག་རིང་ཐུང་ག་དེམ་ཅིག་ཡོད་རུང་ འགྲོ་འགྲུལ་མེད་པར་ བཞག་དགོཔ་འདུག་ཟེར་ཨིན་པས།
གླ་འཁོར་དེད་གཡོགཔ་ འཇིགས་མེད་དབང་ཕྱུག་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ གླ་འཁོར་ལུ་བརྟེན་ ཉིནམ་རེ་ལུ་ འོང་འབབ་དངུལ་ཀྲམ་༣,༠༠༠ དེ་ཅིག་ འཐོབ་ནི་ཡོད་རུང་ རེས་གཟའ་ལྷག་པ་ལུ་ ཁོ་གིས་ དངུལ་ཀྲམ་༥༠༠ འཐོབ་ནི་ལུ་ཡང་ ལཱ་ཁག་བཏང་ཡི་ཟེར་ཨིན་པས།
ཁྲོམ་ཁར་སྡོད་མི་ཚུ་གིས་ སླབ་མིའི་ནང་ མ་གཞི་ གཞུང་གི་སྲིད་བྱུས་དེ་ མཐའ་འཁོར་གནས་སྟངས་ལུ་ མ་གནོད་པའི་ཐབས་ལམ་ ལེགས་ཤོམ་ཅིག་ཨིན་རུང་ གློ་བུར་དུ་ ཁག་ཆེཝ་རེ་ ཐོན་པའི་སྐབས་ལུ་ རང་ལུ་ སྣུམ་འཁོར་ཡོད་རུང་ ཉིནམ་དེ་ཁར་ ཐ་ན་ སྨན་ཁང་ནང་ཡང་ འགྱོ་མ་ཆོག་མི་དེ་ བྱ་སྟབས་མི་བདེ་བས་ཟེར་ཨིནམ་ད་ དེ་བསྒང་ གླ་འཁོར་འཚོལ་ཞིནམ་ལས་ འགྱོ་དགོཔ་ཐོན་མི་དེ་ ཟད་འགྲོ་ཐེབས་གནས་པའི་ གཞི་ཅིག་ཨིན་མས་ཟེར་ཨིན་པས།
མོང་སྒར་རྫོང་ཁག་བཟུམ་ཅིག་ནང་འབད་བ་ཅིན་ སྣུམ་འཁོར་ཡོངས་བསྡོམས་༥༠༠ ལྷགཔ་ཅིག་ཡོད་པའི་ནང་ལས་ གླ་འཁོར་༡༠༠ དེ་ཅིག་ཡོདཔ་ཨིན་པས།
ཁྲོམ་ཁར་ཡོད་པའི་ ས་སྣུམ་བཀྲམ་སྤེལ་བ་གིས་ ཨ་རྟག་འབད་བ་ཅིན་ ཉིནམ་རེ་ལུ་ པེ་ཊཱོལ་མར་ཁུ་ ལི་ཊར་༡,༥༠༠ དེ་ཅིག་ བཙོང་ཚུགས་མི་དེ་ རེས་གཟའ་ལྷག་པ་ལུ་ ལི་ཊར་༥༠༠ ལྷགཔ་ཅིག་ལས་ བཙོང་མི་ཚུགས་དོ་ཡོདཔ་ད་ དེ་བཟུམ་སྦེ་ ཌི་ཟིལ་མར་ཁུ་ཡང་ ཨ་རྟག་འབད་བ་ཅིན་ ཉིནམ་རེ་ལུ་ ལི་ཊར་༣,༠༠༠ དེ་ཅིག་ བཙོང་ཚུགས་མི་དེ་ གཟའ་ལྷག་པ་ལུ་ ལི་ཊར་༡,༥༠༠ དེ་ཅིག་ཡང་ བཙོང་མ་ཚུགས་པའི་ དཀའ་ངལ་བྱུང་དོ་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

 

No comments:

Post a Comment