གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཧཱ་རྫོང་ཁག་གི་ གནམ་འབྱ་གི་དུས་སྟོན་བརྩི་སྲུང་ ད་རིས་ མཇུག་བསྡུ་ནི།

ལྟ་བཤལཔ་ཚུ་གིས་ ཧཱ་རྫོང་ཁག་ནང་ ལྟ་སྐོར་འབད་ནིའི་དོན་ལུ་ སྤྲོ་བ་ལེན་བཅུག་ནི་དང་ ས་གནས་ཀྱི་ མི་སེར་ཚུ་ལུ་ ཚོང་འབྲེལ་གྱི་ གོ་སྐབས་བྱིན་ནི་ དེ་ལས་ ལྟ་བཤལ་ཚོང་འབྲེལ་ གོང་འཕེལ་གཏང་ནིའི་དོན་ལུ་ དུས་སྟོན་བརྩི་སྲུང་འབདཝ་ཨིན་ཟེར་ཨིན་པས།



ལྟ་བཤལཔ་ཚུ་གིས་ ཧཱ་ལུ་ གནམ་འབྱ་གི་
 དུས་སྟོན་བརྩི་སྲུང་ནང་ བཅའ་མར་གཏོགས་པའི་བསྒང་
 ༡༠/༧/༢༠༡༢། ༉ ཁ་ཙ་ ཧཱ་ཨྱོན་རྡོ་རྗེ་འབྲིང་རིམ་སློབ་གྲྭ་གོང་མའི་ རྩེད་ཐང་ནང་སྦེ་ ཧཱ་རྫོང་ཁག་གི་ གནམ་འབྱ་གི་ དུས་སྟོན་བརྩི་སྲུང་འབད་ཡོདཔ་ཨིན་རུང་ ད་རེས་སྐབས་ཅིག་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དད་ཅན་ཚུ་ལུ་ བཀའ་ཁྲིད་གནང་དོ་ཡོདཔ་ལས་ དུས་སྟོན་ནང་འཛོམས་མི་ ན་ཧིང་བཟུམ་ཅིག་ མེདཔ་ཨིན་པས།
ན་ཧིང་གི་ལོ་ནང་ ལྟ་བཤལཔ་༥༢ འོང་ཡོདཔ་ཨིན་རུང་ ཁ་ཙ་ ཉིནམ་དང་པའི་ནང་ ལྟ་བཤལཔ་ཡོངས་བསྡོམས་༤༢ ལས་བརྒལ་ མ་ལྷོདཔ་ཨིན་པས།
དུས་སྟོན་དེ་ནང་ ཧཱ་རྫོང་ཁག་ནང་ལས་ ཐོབ་མི་ཐོན་སྐྱེད་ཀྱི་རིགས་དང་ ལག་ལེན་འཐབ་མི་ཅ་ཆས་ བཞེས་སྒོ་མ་འདྲཝ་ ལམ་སྲོལ་ དེ་ལས་ ས་ཁ་མཐོ་སར་སྡོད་མི་ འབྱོགཔ་ཚུ་གི་ འཚོ་བའི་གནས་སྟངས་སྐོར་ལས་ གསལ་སྟོན་འབད་ཡི།
དུས་སྟོན་ནང་ སྐུ་མགྲོན་གཙོ་བོ་ ཧཱ་རྫོང་རབ་ བྱམས་པ་རྒྱལ་མཚན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ འབྲུག་ལྟ་བཤལ་ཚོགས་པ་དང་གཅིག་ཁར་ དེ་བཟུམ་མའི་ ལོ་བསྟར་དུས་སྟོན་ལས་རིམ་ འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ཧཱ་རྫོང་ཁག་དེ་ རྒྱལ་ཁབ་ནང་ ཆུང་ཀུ་ཅིག་ཨིནམ་མ་ཚད་ ལྟ་བཤལཔ་ཡང་ རྫོང་ཁག་གཞན་དང་ཕྱདཔ་ད་ ཉུང་སུ་ཅིག་ལས་བརྒལ་ འོང་མི་མེད་པ་ལུ་བརྟེན་ ལྟ་བཤལཔ་ཚུ་ སྤྲོ་བ་ལེན་བཅུག་ནིའི་དོན་ལུ་ཨིནམ་མ་ཚད་ ས་གནས་ཀྱི་ མི་སེར་ཚུ་ལུ་ཡང་ ཚོང་འབྲེལ་གྱི་ གོ་སྐབས་བྱིན་ནི་ དེ་ལས་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ཡང་ ཨིན་ཟེར་ཨིན་པས།
རྫོང་ཁག་གི་མི་སེར་ཚུ་ སྡོད་ལུགས་དང་ བཟའ་ལུགས་ ལམ་སྲོལ་ དེ་ལས་ རང་བཞིན་གནས་སྟངས་ཚུ་ ཧེ་མ་ག་ཨིནམ་སྦེ་ བདག་འཛིན་འཐབ་ཡོདཔ་མ་ཚད་ ལྟ་བཤལཔ་ཚུ་ འོང་ནིའི་དོན་ལུ་འབད་རུང་ སྤ་རོ་གནམ་གྲུ་ཐང་ནང་ལས་ དུས་ཡུན་ཆུ་ཚོད་༢ ཀྱི་ ས་ཁར་འབདཝ་ལས་ དཀའ་ངལ་ཅིག་ མིན་འདུག་ཟེར་ཨིན་པས།
ད་རེས་ནངས་པ་ འབབ་ཁུངས་ངོ་མ་ཅིག་ ལྟ་བཤལ་ལུ་བརྟེན་ཏེ་ བཟོ་དོ་ཡོདཔ་ལས་ ས་གནས་ནང་ ལྟ་བཤལ་གོང་འཕེལ་གཏང་ནིའི་དོན་ལུ་ མི་སེར་ཚུ་གིས་ ལཱ་རྩ་འགེངས་ཏེ་ འབད་དགོཔ་ཁག་ཆེ་ཟེར་ཨིནམ་ད་ མི་སེར་ཚུ་ ལཱ་འབད་ནི་ལུ་ སྤྲོ་བ་དང་ དང་འདོད་ཡོད་པ་ཅིན་ ལེགས་ཤོམ་འགྱོ་རང་འགྱོ་འོང་ཟེར་ རྫོང་རབ་ཀྱིས་ བཤདཔ་ཨིན་པས།
འབྲུག་ལྟ་བཤལ་ཚོགས་སྡེ་གིས་ འགོ་འདྲེན་ཐོག་ལས་ རྐང་འཁོར་བཏང་མི་༥༦ གིས་ ལས་རིམ་ནང་ བཅའ་མར་གཏོགས་ཡོདཔ་ད་ དེ་ནང་ལས་༣ བུམོ་ཨིན་པས།
རྐང་འཁོར་བཏང་མི་ཚུ་གི་གྲས་ལས་ ཨང་དང་པ་ཐོན་མི་ བསོད་ནམས་ཀྱིས་ དུས་ཡུན་ཆུ་ཚོད་༣ དང་སྐར་མ་༧ ལུ་ ཆུ་འཛོམས་ལས་ ཧཱ་ལུ་ ལྷོད་ཡོདཔ་བཞིན་དུ་ ཁོ་གིས་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༥༠,༠༠༠ ཐོབ་ཅི།
དེ་ལས་ སངས་རྒྱས་ཕུན་ཚོགས་ཀྱིས་ དུས་ཡུན་ཆུ་ཚོད་༣ དང་སྐར་མ་༢༢ ལུ་ ཧཱ་ལུ་ལྷོད་མི་ལུ་བརྟེན་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༣༠,༠༠༠ ཐོབ་ཡོདཔ་ཨིན། 

ཆུ་འཛོམས་ལས་ ཧཱ་ཚུན་ དུས་ཡུན་ཆུ་ཚོད་༣ དང་སྐར་མ་༧ ལུ་ལྷོད་དེ་ 
ཨང་དང་པའི་ གསོལ་རས་ལེན་མི་ བསོད་ནམས།

དེ་བཟུམ་སྦེ་ རིག་འཛིན་ནོར་བུ་གིས་ དུས་ཡུན་ཆུ་ཚོད་༣ དང་སྐར་མ་༢༨ ལུ་ མཇུག་བསྡུ་མི་ལུ་བརྟེན་ གསོལ་རས་དངུལ་ཀྲམ་༢༠,༠༠༠ ཐོབ་ཅི།
གནམ་འབྱ་གི་ དུས་སྟོན་ནང་ བཞེས་སྒོ་དང་ གོ་ལ་ དེ་ལས་ ལག་བཟོའི་ ཚོང་ཁང་ཚུ་འབདཝ་ད་ ཚོང་ཁང་བསྡོམས་༡༧ ཡོདཔ་ཨིན་པས།
ཧཱ་ ཁྲོམ་སྡེའི་འཐུས་མི་ ནོར་བུ་ཚེ་རིང་གིས་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ཧཱ་རྫོང་ཁག་ནང་ ལྟ་བཤལཔ་ཚུ་གིས་ ཡིད་འཕྲོག་ཚུགསཔ་ཅིག་ ག་ཅི་ཡང་ མེད་དེ་འབད་རུང་ རྫོང་ཁག་ཡར་རྒྱས་ཚོགས་ཆུང་ནང་ མེ་རི་སྤུན་༣ སྐོར་ར་རྐྱབ་ཚུགས་ནིའི་དོན་ལུ་ རྐང་འཁོར་གྱི་ལམ་དང་ ཧཱ་ཆུ་ནང་ གྲུ་གཏང་ནི་གི་ ཐོན་སྐྱེད་ཚུ་ སང་ཕོད་འཆར་གཞི་༡༡ པའི་ནང་ཚུདཔ་སྦེ་ བཙུགས་ཏེ་ཡོད་ཟེར་ཨིན་པས།
དུས་སྟོན་ནང་ ཧཱ་ལུང་གཤོང་གི་ བཞེས་སྒོ་རྡིག་རྡིགམ་ཅིག་ཨིན་མི་ ཧོན་ཏོད་ཀྱིས་གཙོས་པའི་ བཞེས་སྒོའི་རིགས་ མ་འདྲཝ་ལེ་ཤ་ཅིག་ར་ བཙོང་དོ་ཡོདཔ་ཨིན་པས།
ཉིན་གྲངས་༢ ཀྱི་རིང་ འགོ་འདྲེན་འཐབ་མི་ ཧཱ་གི་ གནམ་འབྱ་གི་ དུས་སྟོན་བརྩི་སྲུང་དེ་ ད་རིས་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

ཧཱ་ལས་ ཡེ་ཤེས་སྒྲོལ་མ།

No comments:

Post a Comment