གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤང་ཐང་གཡུས་ཚན་ནང་ ཧེ་མ་བཟུམ་སྦེ་ གླང་འཁྱམས་སྡོད་སར་ མི་མཐོང་དོ་ཡོདཔ།

འཕྲུལ་གླང་པ་ཝར་ཊི་ལར་ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་ ལང་ནི་དེ་གིས་ ད་རེས་ནངས་པ་ གཡུས་མི་ག་ལུ་ཡང་ གླང་མེད་ཨིན་པས།
འཕྲུལ་གླང་པ་ཝར་ཊི་ལར་ ལག་ལེན་འཐབ་སྟེ་ ཞིང་རྨོ་བའི་བསྒང་།

༥/༧/༢༠༡༢། ༉ བཀྲིས་སྒང་བཀང་ལུང་རྒེད་འོག་གི་ སྤང་ཐང་གཡུས་ཚན་ནང་ ད་རེས་ ལྕང་ལཱ་རྐྱབ་པའི་ དུས་ཚོད་ཨིན་རུང་ ཞིང་རྨོ་མི་ གླང་ཅིག་ཡང་ མཐོང་ནི་མེདཔ་ད་ དེ་ཡང་ གཡུས་ཚན་ནང་ ལྕང་ལཱ་དང་འབྲེལ་བའི་ལཱ་ཚུ་ ཆ་མཉམ་ར་ འཕྲུལ་གླང་པ་ཝར་ཊི་ལར་ལག་ལེན་ཐོག་ལས་ འབད་མི་ལུ་བརྟེན་ཏེ་ཨིན་པས།
སོ་ནམ་པ་ པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ གཡུས་ཚན་ནང་ འཕྲུལ་གླང་པ་ཝར་ཊི་ལར་ ལག་ལེན་འཐབ་ནི་ འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་༡ དེ་ཅིག་ ལང་ནི་དེ་གིས་ ད་རེས་ནངས་པ་ གཡུས་མི་ག་ལུ་ཡང་ གླང་མིན་འདུག་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ ལོ་དག་པ་ཅིག་གི་ཧེ་མར་ གླང་རེ་གཉིས་ ཚལ་མ་ནང་ བཏང་བཞག་སར་ མཐོང་ནི་ཡོད་མི་ཚུ་ཡང་ བཙོང་ཚར་ནི་དེ་གིས་ ད་རེས་ནངས་པར་ གླང་བལྟ་དགོ་མནོ་རུང་ མཐོང་མི་ཚུགས་པས་ཟེར་ སླབ་ཨིན་པས།
སྤང་ཐང་གཡུས་ཚན་དེ་ ཐང་ཅིག་ནང་ ཆགས་ཏེ་ཡོདཔ་ལས་བརྟེན་ ཞིང་ཚུ་ ཆ་མཉམ་ར་ འཕྲུལ་གླང་གིས་ རྨོ་དོ་ཡོདཔ་ད་ གཡུས་ཚན་དེ་ནང་ ཁྱིམ་གུང་པ་ བརྒྱ་ལས་བཅད་དེ་ ཡོད་མི་ཚུ་གིས་ འཕྲུལ་གླང་ལག་ལེན་འཐབ་ནི་ལུ་ར་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས།
ད་རེས་ འཕྲུལ་གླང་པ་ཝར་ཊི་ལར་༥ དེ་ཅིག་ ཡོད་མི་ཆ་མཉམ་ར་ ཧེ་མ་ལས་ མཁོ་མངགས་འབད་དེ་ ལཱ་འབད་དོ་ཡོདཔ་ད་ འཕྲུལ་གླང་བཏང་མི་ སྟོབས་རྒྱས་ཀྱིས་འབད་བ་ཅིན་ བདུན་ཕྲག་༢ དེ་ཅིག་གི་ཧེ་མ་ལས་ ལཱ་འབད་ནི་ འགོ་བཙུགསཔ་ལས་ཚུར་ ཉིནམ་༡ ཡང་ ངལ་འཚོ་ནི་ མ་ཐོབ་ཟེར་ཨིན་པས།
སོ་ནམ་པ་ ཚེ་རིང་གིས་ སླབ་མིའི་ནང་ ལྕང་ལཱ་དེ་ འཕྲུལ་གླང་གི་ཐོག་ལས་ རྐྱབ་ཚུགས་ནི་དེ་གིས་ བྱ་སྟབས་བདེ་ཏོག་ཏོ་བྱུང་ཡི་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ གླང་དཀོན་པའི་ཁར་ ལས་མི་ཡང་ ཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་མི་དེ་ ད་རེས་ འཕྲུལ་གླང་གིས་ ལེགས་ཤོམ་སྦེ་ར་ བསལ་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཧེ་མ་གླང་གིས་ ཉིནམ་༣ དེ་ཅིག་རྨོ་མི་ ཆུ་ཞིང་དེ་ ད་རེས་འབདཝ་ད་ འཕྲུལ་གླང་གིས་ དུས་ཡུན་ཆུ་ཚོད་༥ དེ་ཅིག་གི་ ནང་འཁོད་ལུ་ རྨོ་ཚུགས་པས་ཟེར་ སླབ་མ་ཚད་ འཕྲུལ་གླང་ཚུ་ གླ་ཁར་བཏངམ་ད་ དུས་ཡུན་ཆུ་ཚོད་རེ་ལུ་ གླ་ཆ་དངུལ་ཀྲམ་༤༠༠ དེ་རེ་ གནསཔ་མས་ཟེར་ཨིན་པས།
སྤང་ཐང་གཡུས་ཚན་དེ་ བཀང་ལུང་ཁྲོམ་ལས་ སོ་ནམ་ཞིང་ལམ་བརྒྱུད་དེ་ རྐང་སྟོང་འབད་འགྱོ་བ་ཅིན་ དུས་ཡུན་སྐར་མ་༢༠ དེ་ཅིག་འགྱོ་དགོ་པའི་ས་ཁར་ཨིནམ་ད་ ས་གནས་ཀྱི་ མི་སེར་ཚུ་ འཚོ་བ་གཙོ་བོ་ བྱཱ་ལུ་བརྟེན་སྡོད་དོ་ཡོདཔ་ཨིན་པས།
དུས་ཅི་ རྒྱལ་ཁབ་ཀྱི་ ས་གནས་ཁག་ལེ་ཤ་ཅིག་ནང་ ཐན་སྐམ་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་ དཀའ་ངལ་ཐོན་རུང་ གཡུས་ཚན་དེ་ནང་ དཀའ་ངལ་སྦོམ་ཅིག་ མ་བྱུངམ་ལས་ མི་སེར་སོ་ནམ་པ་ཚུ་ སེམས་དགའ་སྟེ་ ཡོདཔ་ཨིན་པའི་གནས་ཚུལ།

བཀང་ལུང་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment