གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཚོགས་ཀྱིས་ ཆང་ཁྲལ་ཡར་སེང་འབད་ནི་ལུ་ ཆ་འཇོག་འགྲུབ་མ་ཚུགསཔ།

 ༦/༧/༢༠༡༢། ༉ རྒྱལ་ཡོངས་ཚོགས་འདུ་གིས་ ཁྲལ་བསྐྱར་བཟོའི་དཔྱད་ཡིག་༢༠༡༢ ཅན་མའི་སྐོར་ལས་ གསུང་གྲོས་གནང་བའི་སྐབས་ ཆང་ཁྲལ་ཡར་སེང་མེདཔ་སྦེ་ ཆ་འཇོག་གྲུབ་མི་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ཡང་ འཕྲི་བསྣོན་ག་ཅི་ཡང་མ་གནང་མི་དང་ཁྲིལ་ གསུངས་གྲོས་ལོག་གནང་ཐབས་མ་བྱུང་མི་ལུ་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་ལུ་ སེམས་ཕམ་བྱུང་ཡོདཔ་ཨིན།
ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ ཆ་འཇོག་གྲུབ་མི་ ཁྲལ་བསྐྱར་བཟོའི་དཔྱད་ཡིག་གུ་ རྒྱལ་ཡོངས་ཚོགས་སྡེ་ལས་ལྷོད་པའི་ གྲོས་འདེབས་ཀྱི་སྐོར་ལས་ གྲོས་བསྡུར་འབདཝ་ད་ འཐུས་མི་ལ་ལུ་ཅིག་གིས་ ད་རེས་ཁམས་ དཔྱད་ཡིག་དེ་གུ་ གསུངས་གྲོས་གནངམ་ད་ འཐུས་མི་ཚུ་ལུ་ མགུ་ཐོམ་རེ་བྱུང་སྟེ་ ཁྲལ་ཡར་སེང་མེདཔ་སྦེ་ ཆ་འཇོག་གྲུབ་སྟེ་ ཐལ་སོང་རུང་ རྒྱལ་ཡོངས་ཚོགས་སྡེ་གིས་ འཕྲི་བསྣོན་དུམ་གྲ་ཅིག་གནང་པ་ཅིན་ ལོག་སྟེ་ གསུངས་གྲོས་གནང་ནི་ལུ་ རེ་བ་བསྐྱེད་ཡི་ཟེར་ཨིན་པས།
ཨིན་རུང་ སྣུམ་འཁོར་སི་སི་༡༨༠༠ རེ་འབད་མི་ཚུ་ལུ་ ཁྲལ་བརྒྱ་ཆ་༢༠ རེ་དང་ གཞན་མི་ སྣུམ་འཁོར་ཤུགས་ཚད་སི་སི་ཆུང་བ་ཚུ་ལུ་ སྔོ་ལྗང་གི་ཁྲལ་ བརྒྱ་ཆ་༥ རེ་བཀལ་ཡོདཔ་ཨིན་པས།
ཚོགས་དཔོན་ འཇིགས་མེད་ཚུལ་ཁྲིམས་ཀྱིས་འབད་བ་ཅིན་རྒྱལ་ཡོངས་ཚོགས་འདུ་གིས་ འཁྲི་སྣོན་འབད་བའི་ དཔྱད་ཡིག་དེ་ལུ་ ཚོགས་སྡེའི་ཁ་ཐུག་ལས་ རྒྱབ་སྐྱོར་མ་ཐོབ་མི་ལུ་ སེམས་ཕམ་བྱུང་ཡི་ཟེར་ཨིནམ་ད་ གནད་དོན་དེ་ ལོག་སྟེ་ར་ རྒྱལ་ཡོངས་ཚོགས་འདུ་གིས་ གསུངས་གྲོས་གནང་སྟེ་ ཁྲལ་ཡར་སེང་འབད་ཐབས་ མེད་ཟེར་གསུངས་ཡི།
ཨིན་རུང་ ཁྲལ་ཡར་སེང་འབད་དགོ་པའི་ དགོས་མཁོ་སྦོམ་སྦེ་ར་བྱུང་པ་ཅིན་ ལམ་ལུགས་དང་འཁྲིལ་ མ་འོངས་སྤྱི་ཚོགས་ཚུ་ནང་ བཙུགས་ཐོག་ལས་ གསུང་གྲོས་གནང་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་གིས་འབད་བ་ཅིན་ ད་རེས་ཁམས་ ཁོ་ར་ རྒྱལ་ཡོངས་ཚོགས་སྡེའི་ནང་སོང་སྟེ་ གསལ་བཤད་འབད་བའི་སྐབས་ལུ་ཡང་ གནད་དོན་དེ་གི་ཐོག་ལུ་ དྲི་བ་བཀོད་མི་ཚུ་ལུ་ ལན་ཚུ་ ག་དེ་དྲག་དྲག་ཞུ་ཡོདཔ་ཨིན་རུང་ ད་རེས་ཀྱི་གྲོས་ཆོད་ལུ་ལྟ་བ་ཅིན་ འཐུས་མི་ཚུ་གིས་ ཁོ་གིས་ཞུ་མི་ཚུ་ ཐུགས་ཁར་ ལེགས་ཤོམ་སྦེ་ མ་བསྣམ་པས་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ སྣུམ་འཁོར་གྱི་ ཁྲལ་བསྐྱར་བཟོའི་ཐད་ལུ་ལྷོདཔ་ད་ཡང་ གཞུང་གིས་ སྣུམ་འཁོར་སི་སི་༡,༨༠༠ དང་ ཡན་ཆད་འབད་མི་ཚུ་ལུ་ ཁྲལ་བརྒྱ་ཆ་༤༠ རེ་ བཀལ་ནི་སྦེ་ གྲོས་གཞི་ཕུལ་མི་ལྟར་དུ་མིན་པར་ ཚོགས་དམངས་ཀྱིས་ རྒྱ་ཆ་༢༠ ལུ་མར་ཕབ་འབད་དེ་ སྣུམ་འཁོར་ཆུང་བའི་རིགས་ལུ་ སྔོ་ལྗང་གི་ཁྲལ་ བརྒྱ་ཆ་༥ རེ་སྦེ་ གྲོས་ཐག་བཅད་ད་ཡི་ཟེར་ཞུ་ཡི།
ཆང་ཁྲལ་ཡར་སེང་ལུ་ རྒྱལ་ཡོངས་ཚོགས་སྡེ་གིས་ རྒྱབ་བསྐྱོར་མ་མཛད་མི་དེ་ཡང་ སྔོ་ལྗང་གི་ཁྲལ་ཟེར་མི་དེ་དང་ གནད་དོན་ངོ་མ་༢ རྟགས་མི་མཐུན་པས་ཟེར་མི་ལུ་ གཞི་བཞག་སྟེ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁྲལ་ཟེར་མི་དེ་ གཞུང་གིས་ཟད་འགྲོ་གཏང་ནི་དང་ སྔོ་ལྗང་གི་ཁྲལ་དང་ བཙོང་ཁྲལ་ཚུ་ག་ར་ དོན་དག་གཅིག་ར་ཨིནམ་ལས་ དེ་ཚུ་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་གནས་སྟངས་ འདྲ་མིན་ཐོན་པའི་སྐབས་ ཟད་འགྲོ་གཏང་ནི་ཨིནམ་ལས་ རྟགས་མ་མཐུནམ་ མེད་ཟེར་ཞུ་ཡི།
དངུལ་རྩིས་བློན་པོ་གིས་ཞུ་མིའི་ནང་ རྩ་ཁྲིམས་ཆེན་མོའི་ནང་ རྒྱལ་ཡོངས་ཚོགས་སྡེ་ཟེར་མི་དེ་ བསྐྱར་ཞིབ་ཀྱི་ཚོགས་ཁང་ཨིནམ་སྦེ་ བཀོད་ཡོདཔ་ཨིན་རུང་ ད་ལྟོའི་གནས་སྟངས་དང་འཁྲིལ་པ་ཅིན་ ལེགས་ཤོམ་སྦེ་ བསྐྱར་ཞིབ་འབད་མ་ཚུགས་པས་ཟེར་ཞུ་ཡི།
དེ་བཟུམ་གྱི་ཁྲིམས་ཚུ་ བསྐྱར་ཞིབ་འབད་བའི་སྐབས་ མི་གཅིག་དང་༢ ཀྱི་ཐ་དོན་ལུ་དམིགས་ཏེ་མེན་པར་ སྤྱིར་བཏང་ མི་སེར་ཡོངས་ཀྱི་མཐའ་དོན་ལུ་ ཕན་གནོད་ཀྱི་སྐོར་ལས་ བལྟ་དགོ་ཟེར་ དངུལ་རྩིས་བློན་པོ་གིས་ཞུ་བའི་ཁར་ ཆང་ཁྲལ་ཡར་སེང་འབད་མི་གིས་ མི་སེར་ལུ་ ཕན་པ་མ་གཏོགས་ གནོད་པ་བྱུང་དགོཔ་མེད་ཟེར་ཞུ་ཡི།
ད་ལྟོའི་གཞུང་གི་ གནས་ཡུན་ཚང་ནི་ལུ་ ཧ་ལམ་ཟླ་ངོ་དག་པ་ཅིག་ལས་བརྒལ་མེདཔ་ད་ གཞུང་གཞན་མི་བཟུམ་ཅིག་འབད་ཅིན་ གྲོས་གཞི་ཚུ་ མ་བཙུགས་པར་བཤོལ་བཞག་ནི་ཨིན་རུང་ ད་ལྟོའི་གཞུང་དེ་ འགན་ཁག་ཅན་ཅིག་འབདཝ་ལས་ རང་དོན་ལུ་མནོ་བསམ་མ་བཏང་པར་ བཙུགས་བཙུགསཔ་ཨིན་ཟེར་ཞུ་ཡི།
གསོ་བའི་བློན་པོ་ བཟང་ལེགས་འབྲུག་པ་གིས་འབད་བ་ཅིན་ ད་རེས་ཀྱི་གནས་སྟངས་ནང་ ཐིམ་ཕུ་སྨན་ཁང་ནང་ མི་མང་ཤོས་ཅིག་ ཆང་ལུ་བརྟེན་ ཤི་རྐྱེན་འབྱུང་དོ་ཡོད་པའི་ཁར་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ ཆང་ཁྲལ་ཡར་འབད་ཞིནམ་ལས་ སྨན་ཁང་གིས་མ་ཚད་ གཡུས་སྒོ་ཚུ་ནང་ཡང་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ནུག་ཟེར་ཞུ་ཡི།
མགར་སའི་འཐུས་མི་ དམ་ཆོས་རྡོ་རྗེ་གིས་འབད་བ་ཅིན་ ཁྲལ་དང་འབྲེལ་བའི་ གནད་དོན་ག་ཅི་ར་འབད་རུང་ ཡར་སེང་འབདཝ་ད་ མནོ་བསམ་ལེགས་ཤོམ་ གཏང་དགོཔ་འོང་ཟེར་ཞུ་བའི་ཁར་ ད་རེས་ནངས་པར་ མི་མང་ཤོས་ཅིག་གིས་ ཁྲལ་ཡར་སེང་འབད་བ་ཅིན་ ག་ཅི་ར་འབད་རུང་ བཀག་ཚུགས་པའི་ མནོ་བསམ་བཏངམ་མས་ཟེར་ཨིན་པས།
ཆང་ཁྲལ་དེ་ ཧེ་མ་ལས་ བརྒྱ་ཆ་ལས་ བརྒྱ་ཆ་སྦེ་ར་ བཀལ་ཏེ་ཡོད་མི་དེ་ཡང་ ཁྲལ་སྦོམ་ཨིནམ་མཁྱེན་དགོཔ་ད་ གལ་སྲིད་ དེ་སྦེ་མ་མཛད་པ་ཅིན་ ཏམ་ཁུ་གི་བཅའ་ཁྲིམས་དང་ ལྕོགས་འཐདཔ་སྦེ་ འགྱོ་འོང་ཟེར་ཞུ་ཡི།
མི་སེར་ཚུ་ ཉམ་ཆུང་ཅིག་ར་འབད་རུང་ ཆང་ལུ་ ཤུགས་ཐལ་མི་ཅིག་འབད་བ་ཅིན་ རང་ལུ་ཡོད་པའི་ ཏི་རུ་གིས་ལང་ཚུགསཔ་ཅིག་ ཉོ་སྟེ་ར་འཐུང་ནི་དང་ དེ་གིས་ལང་མ་ཚུགས་པའི་བསྒང་ལས་ ཨརཝ་རྐྱབ་ནི་དང་ འཕྲོག་བཅོམ་འབད་ནི་ལ་སོགས་པའི་ དཀའ་ངལ་ཐོན་འོང་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།
 

No comments:

Post a Comment