གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླིང་མེད་ཐང་ལུ་ སོ་ནམ་ཅ་ཆས་ཀྱི་ཚོང་ཁང་ སྒོ་ཕྱེས་ཡོདཔ།


ད་རེས་སྒོ་ཕྱེས་མི་ སོ་ནམ་གཞི་རྟེན་མཁོ་ཆས་ཀྱི་ ཚོང་ཁང་གསརཔ།

༧/༧/༢༠༡༢། ༉ མོང་སྒར་རྫོང་ཁག་ ས་གླིང་རྒེད་འོག་ལས་ སྐྱེས་ལོ་༤༠ ཞེ་གྲངས་ལང་མི་ སོ་ནམ་པ་དབང་ཕྱུག་གིས་ དུས་ཅི་ལས་ སོ་ནམ་གྱི་ལཱ་འབད་ནི་ལུ་ ཧེང་སྐལ་ར་ བྱ་སྟབས་བདེ་ནི་མས་ཟེར་བཤད་མི་དེ་ཡང་ སོ་ནམ་པ་ཚུ་ལུ དགོས་མཁོ་ཆེ་བའི་ ལུད་དང་ སོན་ དེ་ལས་ སོ་ནམ་གྱི་ཅ་ཆས་ག་ཅི་ར་དགོ་རུང་ གླིང་མེད་ཐང་ཁྲོམ་ལས་ ཐོབ་ཚུགས་ནི་དེ་གིས་ཨིན་པས།

དེ་ཡང་ འདས་པའི་བདུན་ཕྲག་༣ དེ་ཅིག་གི་ཧེ་མར་ གླིང་མེད་ཐང་ཁྲོམ་གྱི་ ཉེ་འདབས་ལུ་སྦེ་ སོ་ནམ་ལྷན་ཁག་འོག་གི་ སོ་ནམ་ཚོང་ལས་མཉམ་འབྲེལ་གྱིས་ ས་གླིང་དང་ ཁེངས་ དེ་ལས་ རྩ་མང་གི་ སོ་ནམ་པ་ཚུ་གི་ ཕན་ཐབས་ལུ་དམིགས་ཏེ་ སོ་ནམ་གཞི་རྟེན་མཁོ་ཆས་ཚོང་ཁང་ཟེར་མི་ཅིག་ སྒོ་ཕྱེས་ཡོད་མི་ལས་ སོ་ནམ་ཞིང་པ་ཚུ་ལུ་ ཉིན་བསྟར་དགོས་མཁོ་ཆེ་བའི་ ཅ་ཆས་ཀྱི་རིགས་དང་ ལུད་ སོན་ཚུ་ འཐོབ་ཚུགས་ཐབས་ལུ་ཨིན་པས།
ཧེ་མ་འབད་བ་ཅིན་ མོང་སྒར་རྫོང་ཁག་ ཁེངས་དང་ ས་གླིང་ ཁྲི་དྭངས་སྦི་ བཱོག་གསར་ མ་སང་ཟླ་ཟ་ བྱང་དུང་ དེ་ལས་ རྩ་མང་གི་མི་སེར་ སོ་ནམ་ཞིང་པ་ཚུ་གིས་ སོ་ནམ་གྱི་ ལག་ཆས་དགོ་པའི་སྐབས་ལུ་ དུས་ཚོད་ཁར་འཐོབ་ཚུགས་ནི་ལུ་ ལཱ་ཁག་ཡོད་མི་དེ་ཡང་ ཉིན་ཞག་ལས་བཅད་དེ་ མོང་སྒར་ཁྲོམ་ཁར་ ཉོ་བར་འགྱོ་དགོཔ་ལས་བརྟེན་ བྱ་སྟབས་མ་བདེཝ་སྦོམ་ར་ཡོདཔ་ཨིན་པས།
དེ་མ་ཚད་ མོང་སྒར་ལུ་འགྱོ་རུང་ འཕྲལ་འཕྲལ་འབད་ར་ སོ་ནམ་པའི་དགོས་མཁོ་ཅན་གྱི་ཅ་ཆས་དེ་ ཐོབ་མ་ཚུགས་པར་ དུས་ཡུན་ལེ་ཤ་འགོར་དོ་ཡོདཔ་ལས་ གླ་ཆ་སྦོམ་སྤྲོད་ཐོག་ལས་ མོང་སྒར་ལུ་འགྱོ་རུང་ དུས་ཚོད་འཕྲོ་བརླག་ཅིག་དང་ ཉིན་བསྟར་གྱི་ སོ་ནམ་ཞིང་ལཱ་འབད་ནི་ལུ་ཡང་ གནོད་དོ་ཡོདཔ་ཨིན་པས།
མི་སེར་སོ་ནམ་པ་ཚུ་ལུ་ སོ་ནམ་ལྷན་ཁག་འོག་གི་ སོ་ནམ་ཚོང་ལས་མཉམ་འབྲེལ་གྱིས་ མ་དངུལ་ དངུལ་ཀྲམ་༥༠,༠༠༠ རྒྱབ་སྐྱོར་གནང་ཐོག་ལས་ ཞབས་ཏོག་འགོ་བཙུགས་དགོ་པའི་ དམིགས་ཡུལ་དེ་ཡང་ རང་བཞིན་སླར་འབྱུང་གི་ཞབས་ཏོག་ཚུ་ དུས་ཚོད་ཁར་ཐོབ་ཚུགསཔ་བཟོ་སྟེ་ སོ་ནམ་འཐོན་སྐྱེད་ཚུ་ ཡར་སེང་གཏང་ནིའི་དོན་ལུ་ ཨིནམ་མ་ཚད་ ས་ནོམ་ཐོན་སྐྱེད་ཚུ་ཡང་ གོང་ཚད་མར་ཕབ་ཐོག་ལས་ ལྟེ་བ་འདི་ནང་ལས་འཐོབ་ཚུགས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ས་གླིང་གཡུས་ཚན་ལས་ སོ་ནམ་པ་ བསོད་ནམས་ཀྱིས་སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སོ་ནམ་གྱི་ཅ་ཆས་ ག་ཅི་དགོ་རུང་ མོང་སྒར་ལུ་འགྱོ་དགོཔ་ལས་བརྟེན་ སྟབས་མ་བདེཝ་ཡོད་མི་དེ་ ད་ལས་ཕར་ གོང་ཚད་ཁེ་ཏོག་ཏོ་སྦེ་ གླིང་མེད་ཐང་ལས་ ཐོབ་ཚུགས་ནི་དེ་གིས་ མི་སེར་སོ་ནམ་པ་ཚུ་ལུ་ ཕན་ཐོགས་སྦོམ་ འོང་ནི་མས་ཟེར་ཨིན་པས།
ཞབས་ཏོག་ལྟེ་བ་གིས་ སོན་དང་ ལྕངམ་ སོ་ནམ་གྱི་ཅ་ཆས་ ཡན་ལག་ཅ་ཆས་ ལུད་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ཐོན་ཁུངས་ཚུ་ མི་སེར་ཚུ་ལུ་ གོང་ཚད་ཁེ་ཏོག་ཏོ་སྦེ་འཐོབ་ཚུགས་ནི་དང་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ཟ་འཐུང་མཁོ་ཆས་ དེ་ལས་ སོ་ནམ་པ་ཚུ་གིས་ སོ་ནམ་ཐོན་སྐྱེད་ བཙོང་མ་ཚུགས་པར་ལུས་མི་ཚུ་ཡང་ ལྟེ་བ་གིས་བསྡུ་ལེན་འབད་ནི་ཨིནམ་ལས་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ ཅ་ཆས་བཙོང་མི་ མཚོ་མོ་གིས་ སླབ་ཨིན་པའི་གནས་ཚུལ།

བདེ་ཆེན་ཚེ་རིང་།

No comments:

Post a Comment