གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐེ་ཐག་གིས་སྦེ་ འབྲོང་གྱིམ་ཙེ་ཚུ་གི་ བརྡ་དོན་ཧ་གོ་ཚུགས་ནི།

ཨོལ་ལྐོག་ལུ་ རླུང་འཕྲིན་གྱི་ སྐེ་ཐག་བཏགས་ཏེ་བཏང་མི་ འབྲོང་གྱིམ་ཙེ།
 ༡༤/༧/༢༠༡༢། ༉ བུམ་ཐང་ཨོ་རྒྱན་དབང་ཕྱུག་ཉམས་སྲུང་དང་ རང་བཞིན་སློབ་སྦྱོང་ལྟེ་བའི་ ཞིབ་འཚོལ་སྡེ་ཚན་ཅིག་གིས་ འཕྲལ་ཁམས་ཅིག་ཁར་ འབྲུག་གི་རྒྱལ་ཡོངས་སེམས་ཅན་ འབྲོང་གྱིམ་ཙེའི་ ཞིབ་འཚོལ་ཅིག་ འགོ་འདྲེན་འཐབ་དང་འབྲེལ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གླིང་ཁའི་ནང་སྡོད་མི་ འབྲོང་གྱིམ་ཙེ་༤ གི་ ཨོལ་ལྐོག་ཁར་ རླུང་འཕྲིན་གྱི་ སྐེ་ཐག་རེ་ བཏགས་བཞག་མི་དེ་གིས་ འབྲོང་གྱིམ་ཙེའི་ བརྡ་དོན་ཚུ་ ཧ་གོ་ཚུགས་ནི་ཨིན་པས།
དེ་ཡང་ སྐེ་ཐག་བཏགས་བཞག་མིའི་ཐོག་ལས་ གླིང་ཁའི་ལས་བྱེདཔ་ཚུ་གིས་ འབྲོང་གྱིམ་ཙེའི་ གོམས་གཤིས་དང་ གནམ་འབྱ་དགུན་གྱི་སྐབས་ སྡོད་གནས་སྤོ་འགྱོ་སའི་ལམ་དང་ འཁྱམས་སྡོད་ས་ དེ་ལས་ སེམས་ཅན་དེ་ཚུ་གི་ གྱངས་ཁའི་ཚོད་རྩིས་ཚུ་ཡང་ བསྡུ་སྒྲིག་འབད་ཚུགས་པའི་ བརྡ་དོན་ཚུ་ ཐོབ་ཚུགས་ཟེར་ ཞིབ་འཚོལ་འབད་མི་ཚུ་གིས་ སླབ་ཨིན་པས།
ད་རུང་ འབྲོང་གྱིམ་ཙེའི་ ཁྲག་གི་དཔེ་ཚད་ཚུ་ཡང་ བཙགས་ཡོད་མི་དེ་གིས་ སེམས་ཅན་དེ་ཚུའི་རིགས་དང་ ནད་གཞི་ གཟུགས་ཁམས་འཕྲོད་བསྟེན་གནས་སྟངས་ཚུ་ཡང་ བརྟག་དཔྱད་འབད་ཚུགས་ནི་ཨིན་པས།
ཨོ་རྒྱན་དབང་ཕྱུག་ཉམས་སྲུང་དང་ རང་བཞིན་སློབ་སྦྱོང་ལྟེ་བའི་ སེམས་ཅན་མཁས་མཆོག་དང་ ཞིབ་འཚོལ་སྡེ་ཚན་གྱི་གཙོ་འཛིན་  སངས་རྒྱས་ཀྱིས་ སླབ་མིའི་ནང་ འབྲོང་གྱིམ་ཙེ་ཚུ་ལུ་ སྔོན་འགྲོའི་ཞིབ་འཚོལ་འགོ་བཙུགསཔ་ཅིག་ར་ཨིནམ་ལས་ ཉམས་སྲུང་འབད་ཐངས་ཀྱི་ ལམ་ལུགས་ཚུ་ ཚུལ་མཐུན་གཞི་བཙུགས་འབད་དགོ་པ་ཅིན་ ཚན་རིག་ཐོག་གི་ ཞིབ་འཚོལ་གནད་བསྡུས་དེ་ གལ་ཆེ་མི་ལུ་བརྟེན་ ཞིབ་འཚོལ་འབད་ནི་ འགོ་བཙུགས་ཅི་ཟེར་པས།
ཁོ་གིས་འབད་བ་ཅིན་ རྒྱལ་ཡོངས་སེམས་ཅན་ཉམས་སྲུང་གི་དོན་ལུ་ གནོད་ཉེན་ག་ཅི་ར་འདུག་ག་ ད་ལྟོ་ལས་ ཧ་གོ་དགོཔ་དེ་གལ་ཆེཝ་བཞིན་དུ་ དེ་གི་དོན་ལུ་ ཞིབ་འཚོལ་འཕྲོ་མཐུད་འབད་དགོཔ་ཡོདཔ་ལས་ ལས་སྡེ་གཞན་དང་ རྒྱལ་ཡོངས་གླིང་ཁ་ཚུ་དང་ མཉམ་འབྲེལ་ཐོག་འབད་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
དེ་ཡང་ ཤུལ་མའི་ཞིབ་འཚོལ་སྐབས་ འབྲོང་གྱིམ་ཙེ་མངམ་ལུ་ སྐེ་ཐག་བཏག་ནི་ཨིནམ་མ་ཚད་ ཁྲག་གི་དཔེ་ཚད་ཚུ་ཡང་ བཙག་ནི་ཨིནམ་མ་ཚད་ འབྲོང་གྱིམ་ཙེའི་ མཐའ་འཁོར་དང་ གཟུགས་ཁམས་གནས་སྟངས་ཚུ་གི་སྐོར་ལས་ ཞིབ་འཚོལ་འཐིལ་ཕྱིན་ འབད་ནི་ཟེར་ ཞིབ་འཚོར་གཙོ་འཛིན་གྱིས་ སླབ་ཨིན་པས།
རླུང་འཕྲིན་གྱི་ སྐེ་ཐག་དེ་གིས་ འབྲོང་གྱིམ་ཙེ་ཚུ་ ག་ཏེ་འགྱོ་རུང་ ག་ཏེ་སྡོད་རུང་ ཧ་གོ་ཚུགས་ནི་དང་ སེམས་ཅན་དེ་ཚུ་ ལམ་ག་ཏེ་ལས་འགྱོཝ་ཨིན་ན་ དེ་ཚུ་ཡང་ རྗེས་དཔག་འབད་ཚུགས་ཟེར་ཨིནམ་ད་ རླུང་འཕྲིན་གྱི་ སྐེ་ཐག་དང་ ཞིབ་འཚོལ་ནང་མཁོ་བའི་ཅ་ཆས་གཞན་ཚུ་ ཇར་མ་ནི་ མེགསི་པ་ལེནཀ་སློབ་སྦྱོང་ལྟེ་བ་དང་ ཨེ་མི་རི་ཀ་མཱོན་ཊ་ན་གཙུག་ལག་སློབ་སྡེ་ རི་དྭགས་སྲུང་སྐྱོབ་ལས་སྡེ་ དེ་ལས་ ཨེ་མི་རི་ཀ་ལུ་ཡོད་མི་ འབྲུག་ཚོགས་སྡེ་གིས་ རོགས་རམ་འབད་ཡོདཔ་ཨིན་པས།
འབྲོང་གྱེམ་ཙེ་དེ་ འཛམ་གླིང་ནང་ འབྲོང་གྱིམ་ཙེའི་རིགས་༤ ཡོད་མི་ལས་༡ ཨིནམ་ད་ འབྲུག་གི་ འབྲོང་གྱིམ་ཙེ་ཚུ་ སྤ་རོ་དང་ ཐིམ་ཕུ་ མགར་ས་དང་ སྤུ་ན་ཁ་ དབང་འདུས་ཕོ་བྲང་ བུམ་ཐང་ཀྲོང་གསར་ཚུ་གི་ ས་ཁ་མཐོ་ས་ལས་ཕར་ འཁྱམས་སྡོདཔ་ཨིན་པས།
ད་ལྟོའི་ སྔོན་འགྲོའི་ཞིབ་འཚོལ་ལས་འགུལ་དེ་ འབྲུག་གཞི་ཚོགས་ལས་སྡེ་གིས་ མ་དངུལ་རྒྱབ་སྐྱོར་འབད་ཡོདཔ་ད་  འབྲོང་གྱིམ་ཙེ་ཕོ་༢ དང་མོ་༢ བཟུང་སྟེ་ སྐེ་ཐག་བཏགས་ཡོདཔ་ད་ འབྲོང་གྱིམ་ཙེ་དེ་ བླམ་འབྲུག་པ་ཀུན་ལེགས་ཀྱིས་ རྫུ་འཕྲུལ་ཐོག་ལས་ གཟུགས་གཡག་དང་ མགུ་ཏོ་ར་ཅོག་འཐདཔ་སྦེ་ བཟོ་གནང་ཡོདཔ་སྦེ་ ཆ་བཞག་དོ་ཡོད་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།



No comments:

Post a Comment