གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཞུང་གིས་ ལས་འགུལ་གྱི་ལཱ་མཇུག་མ་བསྡུ་ཚུན་ གློག་མེ་ལས་འགུལ་གསར་པའི་ གྲོས་འཆར་ཚུ་ལུ་ངོས་ལེན་མི་འབད་ནི།


༦/༧/༢༠༡༢། འབྲུག་གཞུང་གིས་ ད་རེས་བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ གློག་མེ་ལས་འགུལ་ཚུ་མཇུག་བསྡུ་སྟེ་ གློག་མེ་ མེ་ག་ཝཊི་༡༠,༠༠༠ འབད་མིའི་ ལག་ལེན་འགོ་མ་བཙུགས་ཚུན་ སྒེར་གྱི་གློག་མེ་གོང་འཕེལ་ལས་སྡེ་དང་ འབྲེལ་བའི་ གློག་མེ་ལས་འགུལ་གསརཔ་ཚུ་ འགོ་མི་བཙུག་ཟེར་ཨིན་པས།
རྒྱ་གར་གྱི་བརྡ་བརྒྱུདཔ་ཚུ་གིས་ གསལ་བཀོད་འབད་མི་དང་འཁྲིལཝ་ད་ རྒྱ་གར་ ཊ་ཊ་བཟོ་གྲྭ་ལས་སྡེ་གིས་ འབྲུག་ལུ་ གློག་མེ་ལས་འགུལ་ཆེ་བ་ཅིག་ འགོ་འདྲེན་འཐབ་ནི་ལུ་ དང་འདོད་བསྐྱེད་དོ་ཡོད་པའི་ཁར་ འབྲུག་གི་འགོ་དཔོན་ཚུ་དང་གཅིག་ཁར་ འབྲེལ་གནད་ཅན་གྱི་ གྲོས་བསྟུན་ཚུ་ཡང་ འབད་ནུག་ཟེར་གསལ་བཀོད་འབད་ཡོདཔ་ཨིན་པས།


རྒྱ་གར་གྱི་གནས་ཚུལ་གསར་ཤོག་ ད་ཧིན་དུ་ནང་ལུ་ གསལ་བཀོད་འབད་མིའི་ནང་ འབྲུག་གི་འགོ་དཔོན་ཚུ་གིས་ གྲོས་འཆར་དེ་ལུ་ དང་འདོད་ཡོད་པའི་བརྡ་སྟོན་འབད་ཡོད་རུང་ འབྲུག་ལུ་མཉམ་འབྲེལ་ལས་འགུལ་འགོ་འདྲེན་འཐབ་ཆོག་པའི་གནང་བའི་དོན་ལུ་ རྒྱ་གར་གཞུང་དང་གཅིག་ཁར་ གྲོས་བསྟུན་འབད་དགོ་པའི་ བསླབ་སྟོན་འབད་ནུག་ཟེར་ཨིན་པས།
བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ གནས་ཚུལ་དེ་དང་འབྲེལ་བའི་ དོགས་གསལ་གསུངས་མིའི་ནང་ ད་ཚུན་ རྒྱལ་ཁབ་ནང་ དེ་བཟུམ་མའི་ལས་འགུལ་གཞི་བཙུགས་ཀྱི་གྲོས་འཆར་ མ་ལྷོད་ཟེར་ཨིན་པའི་ཁར་ ལས་འགུལ་གསརཔ་འགོ་འདྲེན་འཐབ་ནི་ལུ་ དང་འདོད་ཡང་མེད་ཟེར་ཨིན་པས།
བློན་པོ་གིས་གསུངས་མིའི་ནང་ གློག་མེ་ལས་འགུལ་༣ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ར་ཡོད་པའི་ཁར་ ད་རུང་༧ འགོ་བཙུག་ནི་ཨིནམ་ལས་ འབྲུག་གཞུང་གིས་ ལས་འགུལ་དེ་ཚུ་མཇུག་མ་བསྡུ་ཚུན་ ལས་འགུལ་གཞན་འགོ་འདྲེན་འཐབ་ནིའི་ གོ་སྐབས་ར་མེད་ཟེར་ཨིནམ་ད་ གལ་སྲིད་ འཆར་གཞི་དང་ གྲོས་འཆར་ཡོད་པ་ཅིན་ ལས་འགུལ་དེ་ཚུ་མཇུག་བསྡུ་བའི་ ཤུལ་ལས་རྐྱངམ་གཅིག་ ངོས་ལེན་འབད་ལུ་ བལྟ་ཞིབ་འབད་འོང་ཟེར་ཨིན་པས།
ད་ལྟོ་ གཞི་བཙུགས་ཀྱི་ བཟོ་སྐྲུན་ལཱ་འབད་བའི་བསྒང་ཡོད་མི་ གློག་མེ་ལས་འགུལ་ཚུ་ སྤྱི་ལོ་༢༠༢༠ ལུ་མཇུག་བསྡུ་ནིའི་འཆར་གཞི་ཨིནམ་ད་ དེ་ཚུ་ མང་ཤོས་ར་ རྒྱ་གར་གཞུང་དང་ འབྲུག་གཞུང་གི་བར་ནའི་ མཉམ་འབྲེལ་ཐོག་གི་ ལས་འགུལ་ཚུ་ཨིན་པས།
འབྲུག་རང་བཞིན་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ ཚེ་དབང་རིག་འཛིན་གྱིས་སླབ་མིའི་ནང་ ཊ་ཊ་བཟོ་གྲྭ་གིས་མ་ཚད་པའི་ རྒྱ་གར་ལས་སྡེ་གཞན་མི་ཚུ་གིས་ཡང་ འབྲུག་ལུ་ གློག་མེའི་ལས་འགུལ་གཞི་བཙུགས་འབད་ནི་གི་ དང་འདོད་བསྐྱེད་མི་ལེ་ཤ་ཡོད་རུང་ འབྲུག་གཞུང་གིས་ འགོ་དང་འགོ་ལས་ར་ དྭངས་གསལ་བཟོ་དགོཔ་ཡོད་ཟེར་ཨིན་པས།
སྤུ་ན་གཙང་ཆུ་ གོ་རིམ་༡ པ་དང་༢ པའི་ འཛིན་སྐྱོང་མདོ་ཆེན་ ཨར་ཨེན་ཁ་ཟན་ཅི་གིས་སླབ་མིའི་ནང་ དེ་བཟུམ་མའི་ གྲོས་འཆར་གྱི་རིགས་ཚུ་ གཞུང་གཉིས་ཀྱི་བར་ན་ གསུང་གྲོས་གནང་ཐོག་ལས་མ་གཏོགས་ ངོས་ལེན་འབད་མི་ཚུགས་ཟེར་ཨིནམ་ད་ ཊ་ཊ་བཟོ་གྲྭ་ལས་སྡེ་དེ་ ད་ལྟོ་ འགོ་འདྲེན་འཐབ་པའི་བསྒང་ཡོད་པའི་ གློག་མེ་ལས་འགུལ་ཚུ་ནང་ཡང་ འབྲེལ་གཏོགས་ཡོད་ཟེར་ཨིན་པས།
གློག་ཤུགས་མེ་ག་ཝཊི་༡༢༦ འབད་མི་ དར་དཀར་ཆུ་གློག་མེ་ལས་འགུལ་ནང་ རྒྱ་གར་ ཊ་ཊ་བཟོ་གྲྭ་ལས་སྡེ་གིས་ མ་རྩ་བརྒྱ་ཆ་༢༦ བཙུགས་ཡོདཔ་ད་ ལས་འགུལ་དེ་ མ་དངུལ་དུང་ཕྱུར་༡༡ གནས་པའི་ ཚོད་རྩིས་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment