གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱི་ཟླ་༣ པའི་ཚེས་༢༠ དེ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཉིནམ་སྦེ་ བརྩི་སྲུང་ཞུ་ནི།


༧/༧/༢༠༡༢། ༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ སྤྱི་ལོ་༢༠༡༣ ལས་འགོ་བཙུགས་ སྤྱི་ཟླ་༣ པའི་ཚེས་༢༠ དེ་ ལོ་བསྟར་བཞིན་དུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ཉིནམ་སྦེ་ བརྩི་སྲུང་ཞུ་ནི་ལུ་ ཆ་འཇོག་གྲུབ་གནང་ཡི།
དེ་ཡང་ དུས་ཅི་འཚོགས་ཡོད་པའི་ འཛམ་གླིང་སྤྱི་ཚོགས་ཀྱི་སྐབས་ ཉིནམ་དེ་ འཛམ་གླིང་དགའ་སྐྱིད་ཀྱི་ཉིནམ་སྦེ་ བརྩི་སྲུང་ཞུ་ནི་སྦེ་ གྲོས་ཐག་བཅད་གནང་མི་དང་འཁྲིལ་ཏེ་ཨིནམ་ད་ དེ་ལུ་བརྟེན་ ད་ལས་ཕར་ ལྟ་བ་དེ་ འགོ་དང་པ་ གཞི་བཙུགས་གནང་ མི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལུ་ གུས་བཏུད་ཞུ་ཚུགས་ནི་ཨིན་པས།

ཀྲོང་གསར་འཐུས་མི་ དངོས་གྲུབ་བཟང་པོ་གིས་འབད་བ་ཅིན་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ བརྩམས་གནང་མི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དེ་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ཁྱབ་སྟེ་ཡོདཔ་མ་ཚད་ དེ་ལུ་བརྟེན་ འབྲུག་རྒྱལ་ཁབ་འདི་ སྐོབས་ཚུད་ཀྱི་རྒྱལ་ཁབ་ཅིག་འབད་རུང་ དགའ་སྐྱིད་དང་ ཞི་བདེའི་ཐད་ལུ་ལྷོདཔ་ད་ རྒྱལ་ཁབ་གཞན་གྱིས་ དཔེ་བཞག་བཏུབ་ཅིག་ལུ་ གྱུར་ཡོད་ཟེར་ཨིན་པས།
དངོས་གྲུབ་བཟང་པོ་གིས་འབད་བ་ཅིན་ ད་རེས་ཁམས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞལ་འཛོམས་སྐབས་ རྒྱལ་ཁབ་༡༩༣ དེ་ཅིག་གི་ འགོ་ཁྲིདཔ་ཚུ་གིས་ འཛམ་གླིང་ནང་ དགའ་སྐྱིད་ལུ་བརྩོན་ནི་དེ་ མི་ག་ར་གི་ གཞི་རྟེན་དམིགས་ཡུལ་ཅིག་ཨིན་པའི་ གྲོས་ཆོད་བཏོན་གནང་མི་དང་གཅིག་ཁར་ རྒྱལ་ཁབ་གོང་འཕེལ་གྱི་གནས་ཚད་དེ་ དཔལ་འབྱོར་རྐྱངམ་གཅིག་ལུ་ གཞི་བཞག་སྟེ་མེན་པར་ དགའ་སྐྱིད་ཀྱིས་ཡང་ གོང་འཕེལ་གྱི་ཚད་གཞི་ འཇལ་ཚུགས་ནི་ཨིནམ་སྦེ་ གྲོས་ཐག་བཅད་ནུག་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ལོ་ངོ་བཅུ་ཕྲག་༤ དེ་ཅིག་གི་ཧེ་མར་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ སོན་བཏབ་གནང་མིའི་འབྲས་བུ་དེ་ ད་རེས་འཚོཝ་མེན་ན་མནོ་བའི་ མནོ་བསམ་བཏངམ་མས་ཟེར་ཞུ་ཡི།
སྤུ་ན་ཁའི་འཐུས་མི་ རྣམ་རྒྱལ་དབང་ཕྱུག་གིས་འབད་བ་ཅིན་ སྔོན་བྱོན་རྒྱལ་བ་གོངམ་ཚུ་ལས་འགོ་བཙུགས་ མི་དབང་རིམ་བྱོན་ཚུ་ག་ར་ མི་སེར་ལུ་ བརྩེ་བ་ཡོད་མི་ཙང་ཙང་ཨིནམ་མ་ཚད་ བློན་ཆེན་འཇིགས་མེད་འཕྲིན་ལས་མཆོག་གིས་ཡང་ ལྟ་བ་དེ་ ཕྱིའི་རྒྱལ་ཁབ་ཚུ་ནང་སྤེལ་ནི་ལུ་ ཕྱག་ལཱ་ལེ་ཤ་ མཛད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ གོང་འཕེལ་གྱི་དོན་ལུ་ ཕྱག་ལཱ་གནང་མི་ག་ར་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ ཉིནམ་བརྩི་སྲུང་ཞུ་དགོཔ་དེ་ གལ་ཆེ་དྲག་ཅིག་ཨིན་མས་ཟེར་ཞུ་ཡི།
ལཱ་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་འབད་བ་ཅིན་ འཛམ་གླིང་སྤྱི་ཚོགས་ཀྱི་ ཉིནམ་དེ་ ངོས་འཛིན་མཛད་གནང་མི་ལུ་ བཀའ་དྲིན་དགའ་ཚོར་ཡོདཔ་ད་ ལྷག་པར་དུ་ ད་རེས་ཀྱི་གཞུང་གི་ དམིགས་དོན་དེ་ཡང་ འདྲ་མཉམ་དང་ དྲང་བདེན་ཟེར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དང་ ཆ་འདྲཝ་སྦེ་ར་ ཡོད་ཟེར་ཞུ་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་ ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ བློན་ཆེན་མཆོག་གིས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ འཛམ་གླིང་སྤྱི་ཚོགས་ཀྱིས་ ངོས་འཛིན་འབད་བཏུབ་ བཟོ་ཚུགས་མི་དེ་ལུ་ ལྡོག་ཕྱོགས་ཚོགས་པའི་ཁ་ཐུག་ལས་ དགའ་ཚོར་ཡོད་ཟེར་ཞུ་ཡི།
ཁོ་གིས་འབད་བ་ཅིན་ ཕྱི་རྒྱལ་གྱི་ མི་མཁས་པ་ཚུ་ འབྲུག་ལུ་འོང་བའི་སྐབས་ གསོ་བ་དང་ ཤེས་རིག་གི་ཞབས་ཏོག་ཚུ་ རིན་མེད་སྟོང་མར་ གནང་མི་ལུ་བལྟ་སྟེ་ དེ་བཟུམ་མའི་སྲིད་བྱུས་དེ་ རྒྱལ་ཁབ་ག་ཏེ་ཡང་ མ་མཐོང་ཟེར་ ཡིད་ཆེས་སྐྱེདཔ་མ་ཚད་ རང་བཞིན་གནས་སྟངས་ཚུ་འབད་རུང་ ཚད་ལྡན་སྦེ་བཞག་དགོ་པའི་ སྲིད་བྱུས་བརྩམས་གནང་མི་ འབྲུག་རྒྱལ་༤ པ་བཟུམ་མའི་ དབུ་ཁྲིདཔ་ གཞན་མ་མཐོང་ཟེར་ སླབ་མས་ཟེར་ཞུ་ཡི།
ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་འབད་རུང་ ད་ལྟོ་ཚུན་ལུ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ལྟ་བ་དེ་གིས་ རྒྱལ་ཁབ་གོང་འཕེལ་གྱི་ ལས་སྣ་ཚུ་ལུ་ ཕན་སྦོམ་སྦེ་ར་ ཐོགས་ཡོདཔ་མ་ཚད་ ད་ལས་ཕར་འབད་རུང་ གོང་འཕེལ་སྦོམ་འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་ཞུ་ཡི།
ཚོགས་དཔོན་འཇིགས་མེད་ཚུལ་ཁྲིམས་ཀྱིས་ ཧེ་མ་ མི་དབང་འབྲུག་རྒྱལ་༤ པ་མཆོག་གིས་ ནང་འཁོད་ཐོན་སྐྱེད་ཡོངས་བསྡོམས་ལས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་དེ་ ཁག་ཆེ་ཟེར་ གསུངས་ཏེ་ཡོད་ཟེར་ ཚོགས་དམངས་ལུ་ གསུངས་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།


No comments:

Post a Comment