གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆོས་སྡེ་ལྷན་ཚོགས་ཀྱིས་ དཔེ་དེབ་༢ གསར་བཏོན་འབད་ཡོདཔ།


བློན་པོ་མི་འགྱུར་རྡོ་རྗེ་གིས་ དཔེ་དེབ་གསར་བཏོན་མཛད་པའི་བསྒང་།
 ༧/༧/༢༠༡༢། ༉ ཁ་ཙ་ རྒྱལ་ཡོངས་དཔེ་མཛོད་ཁང་ནང་སྦེ་ འབྲུག་གི་ཆོས་སྡེ་ལྷན་ཚོགས་ཀྱིས་ འདས་པའི་ཟླཝ་ཚུ་ནང་ རྒྱལ་ཁབ་ནང་ཡོད་པའི་ དགོན་སྡེ་དང་ སྒོམ་སྡེ་ དེ་ལས་ རང་སོའི་ཆོས་འགོར་བཞུགས་མི་ཚུ་གིས་ ཆོས་སྡེ་ལྷན་ཚོགས་ནང་ ཐོ་བཀོད་འབད་དགོ་པའི་ གསལ་བསྒྲགས་འབདཝ་བཞིན་དུ་ ཐོ་བཀོད་གྲུབ་མི་ཚུ་ལུ་ ལག་ཁྱེར་གནང་ཡི།
དེ་ཡང་ འདས་པའི་ཟླཝ་ཚུ་ནང་ ཐོ་བཀོད་མ་འབད་མི་ རྫོང་ཁག་༢༠ ལས་ ཆོས་སྡེ་ཁག་༢༠ གིས་ ཐོ་བཀོད་གསརཔ་འབད་ཡོདཔ་ད་ ཐོ་བཀོད་འབད་མིའི་ དབུ་ཁྲིདཔ་ཚུ་ལུ་ ཆོས་སྡེ་ལྷན་ཚོགས་ཀྱིས་ བཀྲིས་ལེགས་སྨོན་ཞུཝ་དང་གཅིག་ཁར་ མི་རྗེ་ནང་སྲིད་བློན་པོ་ མི་འགྱུར་རྡོ་རྗེ་གིས་ ལག་ཁྱེར་གནང་པའི་ཁར་ དཔེ་དེབ་༢ ཡང་འགོ་འབྱེད་གནང་ཡི།

ཆོས་སྡེ་ལྷན་ཚོགས་གཞི་བཙུགས་འབད་བའི་ཤུལ་ལུ་ རྒྱལ་ཁབ་ནང་ གཞུང་གྲྭ་ཚང་དང་ བཤད་གྲྭ་ དེ་ལས་ དགོན་སྡེ་ཚུ་ནང་ ཐོ་བཀོད་མ་འབད་མི་ སྒེར་གྱི་ ཆོས་སྡེ་ཁག་ལེ་ཤ་ཅིག་ར་ཡོདཔ་བཞིན་དུ་ དེ་ཚུ་གི་དོན་ལུ་ ལྟ་རྟོག་དང་ ཞིབ་དཔྱད་འབད་མི་མེདཔ་ལས་ འགོ་འདྲེན་འཐབ་མི་ཚུ་གིས་ འཛུལ་ཞུགས་འབད་མིའི་ དཀའ་ངལ་བསལ་ཐབས་དང་ གྲོགས་རམ་འབད་ནིའི་དོན་ལུ་ ཨིན་ཟེར་གསུངས་ཡི།
ནང་པ་སངས་རྒྱས་པའི་བསྟན་པའི་དེ་ བོད་ཀྱི་རྒྱལ་ཁབ་ལས་བརྒྱུད་དེ་ འཛམ་གླིང་རྒྱལ་ཁབ་ནང་ དར་ཡོདཔ་ཨིན་རུང་ ད་ལྟོའི་གནས་སྟངས་ནང་ འདི་ལུ་གཙོ་རིམ་བཟུང་མི་དེ་ འབྲུག་རྒྱལ་ཁབ་ཨིནམ་ལས་ རྒྱལ་ཁབ་ནང་ཡོད་པའི་ཆོས་ལུགས་ཚུ་ མི་ཉམས་གོང་འཕེལ་དང་ ཡར་དྲག་གཏང་ནི་ དེ་ལས་ ཡུན་བརྟན་གནས་ཐབས་ལུ་དམིགས་ཏེ་ ཆོས་སྡེ་ལྷན་ཚོགས་དེ་ གཞི་བཙུགས་འབད་ཡི་ཟེར་ཨིན་པས།
དགེ་སློང་དང་ བཤད་གྲྭ་ སྒྲུབ་སྡེ་ ཨ་ནེམོ་ སྒོམ་སྡེ་ དེ་ལས་ དགོན་སྡེ་ཚུ་ནང་ འཛུལ་ཞུགས་འབད་མི་ མང་ཆེ་ཤོས་ར་ མི་ཉམ་ཆུང་ཚུ་ཡོད་མི་དེ་ཡང་ ཕྱིའི་ཤེས་ཡོན་སྦྱང་མ་ཚུགས་མི་ཚུ་ཡོདཔ་ལས་ དེ་གིས་ མ་འོངས་རྒྱལ་ཁབ་ནང་གི་བསྟན་པ་ལུ་ཕན་ཐོགས་ཚུགས་ཟེར་ ཨིན་པས།
ལྷན་ཚོགས་ཀྱི་དམིགས་དོན་དང་འཁྲིལ་ ཆོས་ལུ་འཇུག་པའི་ལམ་ཟེར་མི་ དཔེ་དེབ་ཅིག་ གསར་བཏོན་འབད་ཡོདཔ་ད་ དཔེ་དེབ་དེ་གིས་ ཆོས་ལྡན་འབྲུག་གི་རྒྱལ་ཁབ་ནང་གི་ ཆོས་ལུགས་ཚུ་ མི་ཉམས་གོང་འཕེལ་གཏང་ནི་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་ཚུ་གྲུབ་ཐབས་ལུ་ཨིན་ཟེར་ཨིན་པས།
དེ་ཡང་ སྟོན་པ་ཐུགས་རྗེ་ཅན་གྱིས་ གསུངས་པའི་བཀའ་དང་ རྗེས་འཇུག་མཁས་པ་ཚུ་གསུང་ལུ་ གཞི་བཞག་པའི་ སྔོན་བྱོན་ཕམ་བཟང་པོའི་ མཛད་ཁྱུན་བཟང་པོ་དེ་ དཀོན་མཆོག་གསུམ་ལུ་ གཏན་གྱི་སྐྱབས་སུ་བཟུང་སྟེ་ ལས་འབྲས་བསླུ་མེད་ཀྱི་ལྟ་བ་ལུ་ ཡིད་ཆེས་སྐྱེད་ཐོག་ལས་ དགེ་སྡིག་སྤང་བླང་གི་ གནས་ལུགས་ལུ་འཇུག་ཐབས་དང་ ཡ་རབས་བཟང་པོའི་བསམ་སྤྱོད་ཚུ་ དང་ལེན་འབད་ཚུགས་པའི་དོན་ལུ་ ཨིན་ཟེར་ཨིན་པས།
ནང་སྲིད་བློན་པོ་མི་འགྱུར་རྡོ་རྗེ་གིས་ ཆོས་ལུ་འཇུག་པའི་ལམ་ཟེར་མི་ དཔེ་དེབ་དེ་ རྫོང་ཁ་དང་ ཨིང་སྐད་གཉིས་ཆ་རའི་ཐོག་ལུ་ཡོདཔ་ལས་ འབྲུག་མི་ཡོངས་དང་ གཙུག་སྡེ་ སྤེལ་ཁང་ སློབ་ཁང་ དེ་ལས་ རྒྱུན་འབྲེལ་འཐབ་སའི་མགྲོན་ཁང་ཚུ་ནང་ བཀྲམ་སྤེལ་འབད་ནི་ཨིན་ཟེར་ཨིན་པས།
ཆོས་སྡེ་ཁག་ཚུ་གིས་ ཆོས་སྡེ་ལྷན་ཚོགས་ནང་ ཐོ་བཀོད་འབད་དགོ་པའི་དམིགས་དོན་གཙོ་བོ་དེ་ ལས་དོན་ག་ཅི་ར་འབད་རུང་ འཆར་གཞི་ག་ཅི་བརྩམ་རུང་ སྒྲིག་གཞི་གཅིག་གི་ཐོག་ལུ་ གནས་དགོ་པའི་ དམིགས་དོན་ལུ་ཨིནམ་ལས་ གལ་སྲིད་ ཆོས་སྡེ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་དེ་ལས་ འགལ་སོ་པ་ཅིན་ ཉེས་ཁྲིམས་བཀལ་ཐོག་ལས་ གཅིག་མཚུངས་བཟོ་ནི་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།



No comments:

Post a Comment