གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཡིག་ཆ་བཙུགས་མི་ཚུ་ བསྐྱར་ཞིབ་འབད་དེ་ ལོག་བཙུགས་དགོཔ།

༡༥/༡༢/༢༠༡༢   ༉ ཁ་ཙ་ བཙག་འཐུ་ལྷན་ཚོགས་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ སང་ཕོད་ཀྱི་ བཙག་འཐུའི་ནང་ ཚོགས་རྒྱན་བཙུགས་ནིའི་ འོས་འབབ་ཡོད་མི་ཚུ་གིས་བཟོ་མི་སྡེ་ཚན་ བུ་ཊཱན་ཀུན་མཉམ་པ་ཊི་དང་ འབྲུག་སྤྱིར་དབང་ཚོགས་པ་༢ ཀྱིས་ སྲིད་ཚོགས་ཐོ་བཀོད་འབད་ནིའི་དོན་ལུ་ ཡིག་ཆ་བཙུགས་མི་ཚུ་ བསྐྱར་ཞིབ་འབད་དེ་ ལོག་བཙུགས་དགོཔ་ཨིན་པས།


གནས་ཚུལ་གསར་བཏོན་ནང་ ཡིག་ཆ་ཚུ་ བསྐྱར་ཞིབ་འབད་དགོཔ་མ་ཚད་ གནད་དོན་ཚུ་ཡང་ ཧེང་བཀལ་བཙུགས་དགོཔ་འདུག་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྡེ་ཚན་ཚུ་གིས་ སྲིད་ཚོགས་ཐོ་བཀོད་ཀྱི་དོན་ལུ་བཙུགས་མི་ ཡིག་ཆ་ཚུ་གི་གྲས་ལས་ སྡེ་ཚན་གྱི་ སྲིད་དོན་ཚོགས་པའི་སྒྲིག་དང་ རྫོང་ཁའི་སྐད་བསྒྱུར་ཚུ་ བཙག་འཐུ་ལྷན་ཚོགས་ཀྱི་ ཁྱད་ཚད་དང་འཁྲིལ་ ཤོ་མཚུངས་བཟོ་དགོཔ་འདུག་ཟེར་ཨིན་པས།
ཁོང་གིས་སླབ་མིའི་ནང་ རྫོང་ཁའི་ནང་ སྐད་བསྒྱུར་འབད་མི་ཚུ་གི་ཐད་ལུ་ལྷོདཔ་ད་ གཙོ་བོ་ར་ སྡེ་ཚན་ཚུ་གི་ ལག་ལེན་འཐབ་མི་ཚིག་ཚུ་ བསྒྱུར་བཅོས་འབད་དགོཔ་ འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྡེ་ཚན་ལ་ལུ་ཅིག་གིས་ ཞུ་ཡིག་ཚུ་ ལྷན་ཚོགས་ཀྱི་ གནས་ཚད་ཅན་གྱི་ མགོ་ཡིག་ལྡན་པའི་ ཤོག་ལེབ་ཚུ་ནང་མིན་པར་ ཤོག་གུ་སྟོངམ་ཚུ་ནང་ཡང་ བྲིས་ཏེ་བཙུགས་ནུག་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལོག་བསྐྱར་ཞིབ་འབད་དེ་བཙུགས་མི་ བུ་ཊཱན་ཀུན་མཉམ་པར་ཊི་དང་ འབྲུག་སྤྱིར་དབང་ཚོགས་པའི་ཡིག་ཆ་ཚུ་ སྤྱི་ཟླ་༡༢ པའི་ཚེས་༡༨ ལས་ འགོ་བཙུགས་ཏེ་ འབྲུག་མཉམ་རུབ་ཚོགས་པའི་ ཡིག་ཆ་དང་གཅིག་ཁར་ ལྷན་ཚོགས་ཀྱིས་ བསྐྱར་ཞིབ་འབད་ནིའི་བྱ་སྒོ་ཚུ་ འགོ་བཙུགས་འོང་ཟེར་ཨིན་པས།
བཙག་འཐུ་ལྷན་ཚོགས་ཀྱིས་ བསྐྱར་ཞིབ་ཀྱི་བྱ་སྒོ་ཚུ་མཇུག་བསྡུ་སྟེ་ བཙག་འཐུའི་ཁྲིམས་ལུགས་དང་འཁྲིལ་ ཁྱད་ཚད་དམའ་ཤོས་འབད་མི་ཚུ་ ཚང་ཚུགས་མི་སྡེ་ཚན་ཚུ་ལུ་ དུས་ཅི་ སྤྱི་ཟླ་༡༢ པ་མཇུག་བསྡུ་ཁམས་ལུ་ སྲིད་ཚོགས་ཐོ་བཀོད་ལག་ཁྱེར་ཚུ་ སྤྲོད་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་སྦེ་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ད་ལྟོ་ཚུན་ བཙག་འཐུ་ལྷན་ཚོགས་ནང་ ཐོ་བཀོད་འབད་ཡོད་མི་སྲིད་ཚོགས་ འབྲུག་ཕུན་སུམ་ཚོགས་པ་དང་ མི་སེར་དམང་གཙོ་ཚོགས་པ་༢ ལས་ མེདཔ་ཨིན་པས།
སྤྱི་ལོ་༢༠༡༣ གྱི་ བཙག་འཐུའི་ནང་ སྲིད་དོན་ཚོགས་པ་སྦེ་ བཅའ་མར་གཏོགས་ནིའི་དོན་ལུ་ བུ་ཊཱན་ཀུན་མཉམ་པར་ཊི་སྡེ་ཚན་གྱིས་ བཙག་འཐུ་ལྷན་ཚོགས་ལུ་ སྲིད་ཚོགས་ཐོ་བཀོད་ཀྱི་ ཡིག་ཆ་ཚུ་ སྤྱི་ཟླ་༡༠ པའི་ཚེས་༣༡ ལུ་བཙུགས་ཡོདཔ་ད་ འབྲུག་སྤྱིར་དབང་ཚོགས་པའི་ སྡེ་ཚན་གྱིས་ སྤྱི་ཟླ་༡༡ པའི་ཚེས་༢ ལུ་ བཙུགས་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་མཉམ་རུབ་ཚོགས་པ་གིས་ སྲིད་ཚོགས་ཐོ་བཀོད་ཀྱི་དོན་ལུ་ ཡིག་ཆ་ཚུ་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ བཙུགས་ཡོདཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment