གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱིབ་ཀྱི་རྩྭ་གདན་གུ་ལུ་ ཕུཊ་བཱོལ་འགོ་དང་པ་ རྩེད་འགྲན་འབད་ནི།

༡༥/༡༢/༢༠༡༢   ༉ ད་རིས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྒྱལ་ཡོངས་ཕུཊ་བཱོལ་རྩེད་ཐང་ནང་སྦེ་ གྱིབ་གྱི་རྩྭ་གདན་ འགོ་འབྱེད་རྟེན་འབྲེལ་དང་འབྲེལ་ རྒྱལ་ཡོངས་ལིག་གི་རྩེད་འགྲན་འགོ་བཙུགས་ནི་ཨིནམ་བཞིན་དུ་ ཐིམ་ཕུ་ཁྲོམ་ཁར་སྡོད་མི་ ཞི་གཡོགཔ་དང་ སྒེར་སྡེ་ དེ་ལས་ མི་སེར་ཚུ་ལུ་ སྤྲོ་སྣང་སྦོམ་བྱུང་ནི་ཨིན་པས།


དེ་ཡང་ རྒྱལ་ཁབ་ནང་ འགོ་ཐོག་ ཀོ་ཀ་ཀོ་ལ་རྒྱལ་ཡོངས་ཕུཊ་བཱོལ་ལིག་རྩེད་འགྲན་འབད་ནི་ཨིན་མི་དེ་གིས་ ད་ཚུན་ ཡུན་རིངམོ་སྦེ་ བསྒུག་སྡོད་མི་ སྤྲོ་བ་དང་ དང་འདོད་ཅན་ཚུ་གི་ རེ་འདོད་འགྲུབ་ཚུགས་ནི་ཨིན་པས།
རྩེད་འགྲན་ནང་ ཁྲིམས་སྲུང་འགག་སྡེ་ལས་ འབྲུག་པཱོལ་སྡེ་ཚན་དང་ སྤུ་ན་ཁ་རྫོང་ཁག་ ཨོ་རྒྱན་རིག་པའི་འབྱུང་གནས་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབད་ནི་ཨིནམ་བཞིན་དུ་ འབྲུག་མི་ཚུ་གིས་ གྱིབ་ཀྱི་རྩྭ་གདན་གུ་ལུ་ རྩེད་འགྲན་འབད་ས་ འགོ་དང་པ་ མཐོང་ནི་ཨིནམ་མ་ཚད་ རྩེད་འགྲན་པ་གི་རིག་རྩལ་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ན་ ད་ལས་ཕར་ ཧ་གོ་ཚུགས་ནི་ཨིན་པས།
རྩེད་འགྲན་གྱི་དོན་ལུ་ ད་རིས་ སྤུ་ན་ཁ་རྫོང་ཁག་ལས་ ཨོ་རྒྱན་རིག་པའི་བྱུང་གནས་ལུ་ རྒྱབ་བསྐྱོར་འབད་མི་ མི་སེར་ཚུ་དང་ སློབ་ཕྲུག་༣༠༠ ལྷགཔ་ཅིག་ རྒྱལ་ས་ཐིམ་ཕུ་ལུ་འོང་ནི་དང་ འབྲུག་པཱོལ་སྡེ་ཚན་ལུ་ དགའ་མི་དང་ ཁྲིམས་སྲུང་འགག་སྡེ་ལས་ རྒྱབ་སྐྱོར་འབད་མི་ཚུ་གིས་ཡང་ བཅའ་མར་གཏོགས་ནི་ཨིན་པས།
ཨོ་རྒྱན་རིག་པའི་འབྱུང་གནས་སྡེ་ཚན་གྱི་ སློབ་སྟོན་པ་ཀུན་ལེགས་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ རྩེད་འགྲན་འབད་མི་ག་ར་ སློབ་རིམ་༡༠ པ་དང་༡༢ པའི་ སློབ་ཕྲུག་ཨིནམ་ད་ ཁོང་ལུ་ ཕུཊ་བཱོལ་རྩེ་ནིའི་ རིག་རྩལ་དང་ ཤེས་ཡོན་ ཉམས་མྱོང་ཚུ་ཡོད་པའི་ཁར་ ཆུང་ཀུ་བསྒང་ལས་ ཐིམ་ཕུ་ལྕང་ཇི་ཇི་ཕུཊ་བཱོལ་རྩེད་ཐང་ནང་ རྩེ་སྡོད་མི་སློབ་ཕྲུག་ཚུ་ཨིན་ཟེར་ཨིན་པས།
རྩེད་འགྲན་པ་ཚུ་གིས་ རྩེད་འགྲན་འབད་བའི་སྐབས་ རང་སོའི་ ས་ཁོངས་ལེགས་ཤོམ་སྦེ་ བདེ་སྒྲིག་བཟོ་ནི་དང་ བཱོལ་འཛིན་སྐྱོང་ལེགས་ཤོམ་སྦེ་ འཐབ་ཤེས་པའི་ ཡོན་ཏན་ཡོདཔ་ལས་ རྒྱལ་ཁ་འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
འབྲུག་པཱོལ་གྱི་རྩེད་འགྲན་པ་ཚུ་ལུ་ ཉམས་མྱོང་ཡོད་དེ་འབད་རུང་ ཁོང་ལུ་ ཕུཊ་བཱོལ་གྱི་ རིག་རྩལ་དང་ ཤེས་ཡོན་ཚུ་ སློབ་ཕྲུག་ཨ་ལུ་ཚུ་བཟུམ་སྦེ་མེདཔ་ལས་ དོ་འགྲན་འབྱུང་འོང་ཟེར་ སླབ་ཨིན་པས།
འབྲུག་པཱོལ་སྡེ་ཚན་གྱི་སློབ་སྟོན་པ་ སངས་རྒྱས་རིན་ཆེན་གྱིས་འབད་བ་ཅིན་ ཁོ་གི་ སྡེ་ཚན་ནང་ རྩེད་འགྲན་པ་ ལེགས་ཤོམ་འབད་མི་ཚུ་ཡོདཔ་ལས་ རྒྱལ་ཁ་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ཨོ་རྒྱན་རིག་པའི་འབྱུང་གནས་སྡེ་ཚན་ལས་ བི་རཱན་ བཱསི་ནེཌ་གིས་སླབ་དོ་བཟུམ་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ རྩེད་ཐང་ལེགས་ཤོམ་མེདཔ་ལས་ འབྲུག་པའི་རྩེད་འགྲན་པ་ཚུ་གིས་ ཕྱི་རྒྱལ་གྱི་རྩེད་འགྲན་པ་དང་གཅིག་ཁར་ དོ་འགྲན་འབད་མ་ཚུགས་རུང་ ད་ལས་ཕར་ དོ་འགྲན་འབྱུང་ཚུགས་པའི་ གོ་སྐབས་སྦོམ་སྦེ་ར་ ཡོད་ཟེར་ཨིན་པས།
འབྲུག་ཕུཊ་བཱོལ་ཚོགས་སྡེ་ལས་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ཀོ་ཀ་ཀོ་ལ་རྒྱལ་ཡོངས་ཕུཊ་བཱོལ་ལིག་རྩེད་འགྲན་དེ་ ཐིམ་ཕུ་ལས་ སྡེ་ཚན་༣ དང་ སྤུ་ན་ཁ་ ཆུ་ཁ་ དེ་ལས་ བསམ་རྩེ་རྫོང་ཁག་ཚུ་ནང་ལས་ སྡེ་ཚན་རེ་བརྩིས་ཏེ་ བསྡོམས་ཀྱིས་ སྡེ་ཚན་༦ གིས་ བཅའ་མར་གཏོགས་འོང་ཟེར་ཨིན་པས།
རྒྱལ་ཡོངས་ཕུཊ་བཱོལ་ལིག་གི་རྩེད་འགྲན་ལུ་ ཀོ་ཀ་ཀོ་ལ་ཟེར་ མིང་བཏགས་དགོ་མི་དེ་ དུས་ཅི་ལས་འགོ་བཙུགས་ ལོ་༣ གྱི་རིང་ མ་དངུལ་གྱི་རྒྱབ་སྐྱོར་ དངུལ་ཀྲམ་ས་ཡ་རེ་ ལོ་བསྟར་བཞིད་དུ་ ཚོང་འབྲེལ་ལས་སྡེ་གིས་ བྱིན་ནི་ཨིན་མི་ལུ་བརྟེན་ ཨིན་པའི་གནས་ཚུལ།



བཀྲིས་ཕུན་ཚོགས།

No comments:

Post a Comment