གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་དང་ ཨེ་མི་རི་ཀའི་བར་ན་ ཤེས་རིག་ཐོག་ལས་ མཐུན་འབྲེལ་རྒྱ་བསྐྱེད་གཏང་ནི།

༡༥/༡༢/༢༠༡༢   འབྲུག་གི་ དམངས་གཙོའི་ལམ་ལུགས་འདི་ སྒྲིང་སྒྲིང་འགྱོ་དོ་ཡོད་པའི་མངོན་གསལ།
༉ འབྲུག་ལུ་ ཤེས་རིག་གྲོང་ཁྱེར་ནང་ ཡུ་ཨེསི་གི་ གཙུག་ལག་སློབ་སྡེ་མང་སུ་སྦེ་ འབྲེལ་གཏོགས་འབད་བཅུག་ནི་ལུ་ སྤྲོ་བ་བསྐྱེད་ནི་དང་ ཨེ་མི་རི་ཀ་ལུ་ འབྲུག་མི་ག་དེ་མང་མང་ལུ་ ཆེ་རིམ་ཤེས་ཡོན་སྦྱང་ནི་ལུ་ བརྩོན་ཤུགས་བསྐྱེད་ཐོག་ལས་ འབྲུག་དང་ ཨེ་མི་རི་ཀ་རྒྱལ་ཁབ་གཉིས་ཀྱི་ མཐུན་འབྲེལ་རྒྱ་བསྐྱེད་གཏང་ནི་གི་ འོས་འབབ་ཡོད་ཟེར་ ལྷོ་དབུས་ཨེ་ཤི་ཡའི་ལས་དོན་གྱི་དོན་ལུ་ ཡུ་ཨེསི་གི་ ཕྱི་འབྲེལ་དྲུང་ཆེན་ལས་རོགས་ གཞུང་ཚབ་རོ་བཱཌ་ ཨོ་བེ་ལེག་གིས་ སླབ་ཨིན་པས།
ཡུ་ཨེསི་གི་ ཕྱི་འབྲེལ་དྲུང་ཆེན་ལས་རོགས་ གཞུང་ཚབ་རོ་བཱཌ་ ཨོ་བེ་ལེག།


དེ་ཡང་ རྒྱལ་ཁབ་ནང་ ཉིན་གྲངས་༢ ཀྱི་རིང་ གཞུང་དོན་ལྟ་སྐོར་ལུ་འོང་སྟེ་ སྤྱི་ཟླ་༡༢ པའི་ཚེས་༡༣ ལུ་ ལོག་སོང་མི་ གཞུང་ཚབ་བེ་ལེག་གིས་ སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་དབུ་གཙོས་པའི་ གཞུང་གི་ཆེ་མཐོའི་འགོ་དཔོན་ལེ་ཤ་ཅིག་ ཨེ་མི་རི་ཀའི་ གཙུག་ལག་སློབ་སྡེ་ཚུ་ནང་ མཐོ་རིམ་ཤེས་ཡོན་སྦྱང་ཡོད་ཟེར་ཨིན་པས།
ང་བཅས་ཀྱི་ ཁ་ཐུག་ལས་ འབྲུག་མི་ག་དེ་མང་མང་ ཡུ་ཨེསི་ལུ་ ཤེས་ཡོན་སྦྱང་པར་ འོང་ནི་གི་ བརྩོན་ཤུགས་གང་དྲག་བསྐྱེད་འོང་ཟེར་ གཞུང་ཚབ་ཀྱིས་ བཤད་པའི་ཁར་ འབྲུག་གི་ན་གཞོན་ཚུ་ལུ་ ཡུ་ཨེསི་ལུ་ཡོད་པའི་ སློབ་སྦྱོང་གི་གོ་སྐབས་དང་ དངུལ་འབྲེལ་གྱི་ རྒྱབ་སྐྱོར་ག་ཅི་བཟུམ་ཡོདཔ་ཨིན་ན་ ཤེས་རྟོགས་འབྱུང་ཐབས་ལུ་ རྒྱ་གར་ནིའུ་ལྡི་ལི་ལུ་ཡོད་མི་ ཨེ་མི་རི་ཀའི་ མཐུན་རྐྱེན་ཚུ་ ཐོབ་སྤྱོད་འབད་ཚུགསཔ་ བཟོ་ནི་དེ་ཡང་ གལ་ཆེ་ཟེར་ སླབ་ཨིན་པས།
དེ་ཚུ་ལས་ ཁག་ཆེ་ཤོས་ར་ ཨེ་མི་རི་ཀའི་ གཙུག་ལག་སློབ་སྡེ་ཚུ་ འབྲུག་ལུ་ཡོད་མི་ གཙུག་ལག་སློབ་སྡེ་ཚུ་དང་ ལས་དོན་ཁག་སོ་སོའི་ མཉམ་འབྲེལ་གཞི་བཙུགས་འབད་དགོཔ་དེ་ ཁག་ཆེ་ཟེར་ གཞུང་ཚབ་ཀྱིས་ སླབ་ཅི།
གཞུང་ཚབ་ཀྱིས་འབད་བ་ཅིན་ འབྲུག་གི་སློབ་ཕྲུག་ཚུ་ ཡུ་ཨེསི་ལུ་ འགྱོ་ནི་གི་ སྐྱོད་ཐམ་ཐོབ་ཚུགས་པར་ ལཱ་ཁག་འདུག་ཟེར་ སླབ་མི་དེ་ མི་བདེནམ་འོང་ཟེར་ཨིནམ་ད་ སྤྱིར་བཏང་འབྲུག་མི་ཚུ་གིས་ ཨིང་ལིཤ་ཁ་སྐད་ལེགས་ཤོམ་སྦེ་ ཤེས་དོ་ཡོདཔ་ལས་ སྐྱོད་ཐམ་མ་ཐོབ་པའི་ དཀའ་ངལ་མི་འབྱུང་འོང་ཟེར་ཨིན་པས།
སྐྱོད་ཐམ་གྱི་དོན་ལུ་ དགོཔ་དེ་ར་ ཡུ་ཨེསི་ལུ་ ཤེས་ཡོན་སྦྱང་པར་ འགྱོ་འདོད་ཡོད་མི་ཚུ་ལུ་ སློབ་སྦྱོང་ག་ཅི་བཟུམ་འབད་ནི་ཨིན་ན་དང་ འགྱོ་བ་ཅིན་ ཁོང་རའི་ཟད་འགྲོ་ཐོག་ལུ་དང་ ཡང་ཅིན་ མ་དངུལ་གྲོགས་རམ་དང་ ཡང་ཅིན་ འབྲེལ་ཡོད་གཙུག་ལག་སློབ་སྡེ་ཚུ་དང་ གྲོས་བསྟུན་འབད་དེ་ སློབ་གཉེར་གྲོགས་རམ་ཐོག་ལུ་ཨིན་པ་ཅིན་ ཨེ་མི་རི་ཀའི་ འཛུལ་ཞུགས་སྐྱོད་ཐམ་ཐོབ་མ་ཚུགས་པའི་ དཀའ་ངལ་མི་འབྱུང་ཟེར་ གཞུང་ཚབ་བེ་ལེག་གིས་ སླབ་ཨིན་པས།
གཞུང་ཚབ་ཀྱིས་ གཞུང་དང་ རྒྱལཔོ་གིས་ མི་སེར་གྱི་ དགོས་མཁོ་དང་ ཚ་གྱང་ཚུ་ ཐུགས་ཁར་བསྣམས་ཏེ་ ཕྱག་ལཱ་མཛད་མི་གིས་མ་ཚད་པར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་ཆ་མཐུནམ་སྦེ་ བཟོ་གནང་མི་ལུ་བརྟེན་ འཚོ་བའི་གནས་སྟངས་ཀྱི་ གནས་ཚད་ཡར་སེང་ཐོག་ དབུལ་ཕོངས་མར་ཕབ་འབད་མི་དེ་ བསམ་བརྗོད་ལས་འདས་པའི་ གྲུབ་འབྲས་ཅིག་ཨིན་པས་ཟེར་ སླབ་ཨིན་པས།
ད་རིས་འབདཝ་ད་ འབྲུག་ལུ་ ལན་ཐེངས་༤ ལྟ་སྐོར་ལུ་འོང་མི་ གཞུང་ཚབ་ཀྱིས་ སླབ་མིའི་ནང་ འབྲུག་རྒྱལ་ཁབ་འདི་ འདས་པའི་ལོ་ངོ་༩ གི་རིང་ལུ་ ལེགས་བསྒྱུར་དང་ གོང་འཕེལ་ག་དེམ་ཅིག་ སོང་ཡོདཔ་ཨིན་ན་ བལྟ་ནི་གི་ གོ་སྐབས་ཐོབ་ཅི་ཟེར་ སླབ་ཨིན་པས།
འབྲུག་རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་འགོ་དང་པ་ གཞི་བཙུགས་འབད་མི་དང་ སྤྱི་ཚོགས་ཅན་གྱི་ ལམ་ལུགས་ཚུལ་ལྡན་ཡར་རྒྱས་འགྱོ་སར་ མཐོང་མི་ལུ་ལྟ་སྟེ་ ངལ་རངས་བྱུང་ཡི་ཟེར་ ཨེ་མི་རི་ཀའི་ དྲུང་ཆེན་ལས་རོགས་ཀྱིས་ བཤད་པའི་ཁར་ སྤྱི་ལོ་༢༠༡༣ ལུ་ འབྲུག་གི་བཙག་འཐུའི་བྱ་རིམ་ག་དེ་སྦེ་ འགྱོ་འོང་ག་ བལྟ་ནིའི་དོན་ལུ་ སྤྲོ་སྣང་སྦོམ་ཡོད་ཟེར་བཤད་ཅི།
འབྲུག་གི་བརྡ་བརྒྱུད་ཚུ་ཡང་ སྒྲིང་སྒྲིང་འགྱོ་དོ་ཡོདཔ་མ་ཚད་ ལྷན་རྒྱས་གཞུང་ཚོགས་ཀྱིས་ཡང་ ཟླ་རིམ་བཞིན་དུ་ བརྡ་བརྒྱུདཔ་ཚུ་དང་ གནས་ཚུལ་ཞལ་འཛོམས་འཚོགས་ཐོག་ལས་ དྲི་བ་དྲིས་ལན་འབད་མི་དེ་ མིག་དཔེ་ལེགས་ཤོམ་ཅིག་ཨིན་པའི་ཁར་ རང་དབང་ཅན་གྱི་ གཙུག་སྡེ་ཚུ་ཡང་ ལེ་ཤ་ཅིག་ར་ གཞི་བཙུགས་འབད་དེ་འདུག་ཟེར་ གཞུང་ཚབ་ཀྱིས་ སླབ་ཨིན་པས།
དེ་ཚུ་ལུ་ལྟཝ་ད་ འབྲུག་གི་དམངས་གཙོའི་ལམ་ལུགས་དེ་ སྒྲིང་སྒྲིང་ཡོད་པའི་ཁར་ ལུང་ཕྱོགས་ནང་ དྲག་ཤོས་ཅིག་ འོང་ནི་མས་ཟེར་ སྤྱི་ཟླ་༡༢ པའི་ཚེས་༡༢ ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ མཇལ་ཕྲད་ཞུ་མི་ གཞུང་ཚབ་རོ་བཱཌ་བེ་ལེག་གིས་ སླབ་ཨིན་པའི་གནས་ཚུལ།



རིག་འཛིན་དབང་ཕྱུག།

No comments:

Post a Comment