གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་ཁྲིད་སྐབས་ དཀའ་སྡུག་དང་ འདྲོག་འཇིགས་བྱུང་པའི་ ཉམས་སྣང་བརྗེ་སོར།

༡༥/༡༢/༢༠༡༢   ཉམས་རྒུདཔ་དང་ བཟའ་ཚང་དེ་ དགའ་སྐྱིད་གླིང་གཡུས་ཚན་ནང་ ལོག་མི་འགྱོ་ནི།
༉ སྤྱི་ཟླ་༡༡ པའི་ཚེས་༡༦ ལུ་ གསར་སྤང་རྫོང་ཁག་ དགའ་སྐྱིད་གླིང་རྒེད་འོག་ནང་ལས་ མི་ངན་སྡེ་ཚན་ཅིག་གིས་ ཀྲོབ་མདའ་དཔག་སྟེ་ བཙན་ཁྲིད་འབད་མི་ གཡུས་ཁའི་རྩིསཔ་རྡོ་རྗེ་ལ་དེ་ ཁོ་རའི་གཡུས་ཁར་མེན་པར་ ས་གནས་གཞན་ཁར་ ཨ་ལུ་ཚུ་དང་ གཅིག་ཁར་སྡོད་ནི་སྦེ་ སེམས་ཐག་བཅད་ཡོདཔ་ཨིན་པས།
རྩིསཔ་རྡོ་རྗེ་ལ།


རྩིསཔ་རྡོ་རྗེ་ལ་དེ་ ས་མཚམས་ཕྱི་ཁའི་ མི་ངན་ཚུ་གིས་ བཙན་བཟུང་འབད་ཁྱིད་སོང་སྟེ་ ཉིན་གྲངས་༢༡ གི་ཤུལ་ལས་ ཁོ་རའི་བུ་གཞི་དང་ སྤུན་ཆ་ཚུ་གིས་ སྲོག་རིན་དངུལ་ཀྲམ་འབུམ་༥ སྤྲོད་ཐོག་ལས་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ ལོག་ལེན་ཞིནམ་ལས་ཚུར་ ཁོ་རའི་གཡུས་ དགའ་སྐྱིད་གླིང་ལུ་མེན་པར་ གསར་སྤང་ལུ་ ཁོ་རའི་བཟའ་ཚང་ཚུ་དང་གཅིག་ཁར་ གནས་སྤོ་སྟེ་ སྡོདཔ་ཨིན་པས།
རྡོ་རྗེ་ལ་དེ་ བདུན་ཕྲག་༣ གྱི་རིང་ ནགས་ཚལ་ནང་ བཞག་པའི་སྐབས་ ཁོ་རའི་ཚེ་སྲོག་ལུ་ གནོད་སྐྱོན་ག་ནི་ཡང་མ་བྱུང་རུང་ ཚ་རིམས་ཐོབ་སྟེ་ དབུགས་གཏོང་ལེན་གྱི་ དཀའ་ངལ་དུམ་གྲ་རེ་བྱུང་ཡོདཔ་མ་གཏོགས་ གཞན་གནས་སྟངས་ལེགས་ཤོམ་ཐོག་ལུ་སྡོད་ནུག།
ཨ་ལུ་༨ ཀྱི་ཨ་པ་ སྐྱེས་ལོ་༥༩ ལང་མི་ ཉམས་རྒུདཔ་རྡོ་རྗེ་ལ་གིས་ བཙན་ཁྲིད་འབད་བའི་སྐབས་ ཁོ་དང་གཅིག་ཁར་ ཁོ་རའི་བུ་ཆུང་ཤོས་དང་ གནས་ཚང་མ་གཏོགས་ ཁྱིམ་ནང་གཞན་མེདཔ་ལས་ མི་ངན་ཚུ་གིས་ སྤྱི་ཟླ་༡༡ པའི་ཚེས་༡༦ གི་ ཕྱི་རུའི་ཆུ་ཚོད་༧ དེ་ཅིག་ཁར་ དཔྱལཝ་གུ་ཀྲོབ་མདའ་དཔག་སྟེ་ བཙན་ཁྲིད་འབདཝ་ད་ ང་ རོགས་ཀྱིས་ འཛམ་གླིང་སྤང་ཁྱིད་དོ་ཟེར་ ག་དེམ་ཅིག་ བྱེལ་སྐད་ཤོར་རུང་ གཡུས་ཁའི་མི་ཚུ་གིས་ ཕྱི་ཁར་ཐོན་ཏེ་ ཆ་རོགས་འབད་མ་བཏུབ་ཟེར་ཨིན་པས།
ཁོ་ལུ་བྱུང་མི་ ཉམས་སྣང་སྐོར་ལས་ སླབ་མིའི་ནང་ དེ་བསྒང་ ནུམ་གང་ར་ མི་༦ འབད་མི་ སྡེ་ཚན་དེ་གིས་ མི་གསུམ་གསུམ་རེའི་བར་ན་བཙུགས་ཏེ་ འཐེན་འབག་སྟེ་ དྲོ་པའི་ཆུ་ཚོད་༡.༣༠ དེ་ཅིག་ལུ་ ནགས་ཚལ་སྦོམ་ཅིག་ནང་ལྷོདཔ་ད་ ཉལ་བཅུག་ཡོདཔ་ཨིན་པས།
མི་སྐད་ཁྱི་སྐད་ག་ནི་ཡང་མེད་པའི་ ནགས་ཚལ་སྟུག་དྲགས་ནང་ ཤིང་གི་འདབ་མ་ཚུ་གིས་བཟོ་མི་ གནས་སྐབས་ཀྱི་གུར་ནང་ ཞག་༥ བཞག་ཅི་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཆུ་དང་ནགས་ཚལ་བརྒལ་ ཁྱིད་སོང་སྟེ་ སྒར་སོ་སོ་ཅིག་ནང་ ཉིནམ་༡༠ བཞག་པའི་ཤུལ་ལུ་ ད་རུང་ སྦོ་ལོགས་ཁ་ལས་ མི་སྐད་དང་ རོ་ཁྱིའི་སྐད་ཨ་ཙི་རེ་གོ་མི་ ས་གནས་ཅིག་ནང་ ཉིནམ་༤ བཞག་ཡོདཔ་ད་ ཉིན་མཇུག་ལུ་ བོ་དོ་གི་གྲོང་མི་ཅིག་གི་ ཁྱིམ་ནང་བཞག་ཅི་ཟེར་ཨིན་པས།
བཙན་ཁྲིད་འབད་བའི་ ལམ་བདའ་སྟེ་ མི་ངན་ཚུ་གིས་ ཁོ་ལུ་ གདོང་དང་གཟུགས་ཁར་ ཚར་ལེ་ཤ་བརྡུང་རྫོབ་འབད་ཡོད་རུང་ སྡོད་སྒར་ནང་ལྷོདཔ་ད་ བཞེས་སྒོ་ཚུ་ ཚུལ་ལྡན་སྦེ་ བྱིན་ཡི་ཟེར་ རྡོ་རྗེ་ལ་གིས་ སླབ་པའི་ཁར་ ཁོང་གི་འགོ་འཛིན་དེ་ ནགས་ཚལ་ནང་ སྡོད་ནུག་ཟེར་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ འགོ་འཛིན་རྩིསཝ་ད་ ཁོང་མི་༧ འདུག་ཟེར་ཨིནམ་ད་ མི་ངན་ཚུ་གི་གདོང་དང་ བློ་སླབ་ཐངས་ག་ཅིའི་ཐད་ལས་འབད་རུང་ ས་གནས་ཀྱི་ མི་ཚུ་ར་ཨིན་པས་ཟེར་ སླབ་ཨིན་པས།
མི་ངན་ཚུ་ ནུབ་མོ་ཨ་རྟག་ར་ གཡུས་ཆང་འབག་འོང་སྟེ་ འཐུང་ཞིནམ་ལས་ ཁོང་རའི་ནང་དོག་ཡང་ འཐབ་འཛིང་འབད་བའི་ཁར་ འཕྲལ་འཕྲལ་ར་ ཀྲོབ་མདའ་དཔག་སྟེ་ འདྲོག་སི་སི་འབདཝ་མས་ཟེར་ སླབ་ཨིན་པས།
སྲོག་རིན་གྱི་ཐད་ལུ་ འགོ་ཐོག་སྐབས་ དངུལ་ཀྲམ་འབུམ་༤༥ མཁོ་འདོད་བཀོད་ཡོད་རུང་ འགྲིགས་ཆའི་ཐོག་ སྲོག་རིན་དངུལ་ཀྲམ་འབུམ་༥ ལུ་ལྷོད་ཡོདཔ་ད་ འདས་པའི་རེས་གཟའ་སངས་ལུ་ མ་བྱིན་པ་ཅིན་ ཐད་རི་བ་རི་གསད་ནི་ཟེར་ འཇིགས་སྐྲག་སྟོན་མི་ལུ་བརྟེན་ ཏི་རུ་སྤྲོད་དེ་ ལོག་ཁྱིད་འོང་ཡི་ཟེར་ ཉམས་རྒུད་པའི་ཚ་བོ་ ངག་དབང་རྡོ་རྗེ་གིས་ སླབ་ཨིན་པས།
ངག་དབང་རྡོ་རྗེ་གིས་ དགེ་ལེགས་ཕུག་ལས་ ཕུན་ཚོགས་གླིང་དང་ བསམ་གྲུབ་ལྗོངས་མཁར་གྱི་ གཞུང་ལམ་བདའ་སྟེ་ ཀི་ལོ་མི་ཊར་༡༢ དེ་ཅིག་གི་ས་ཁར་ གཞུང་ལམ་གྱི་ ཟུར་ཁ་ལས་ ཁོ་རའི་ སྣུམ་འཁོར་ཨཱལ་ཊོ་ནང་བཙུགས་ཏེ་ ཁྱིད་འོང་ནུག།
ཁོ་གིས་ སླབ་མིའི་ནང་ བཙན་ཁྲིད་འབད་མི་ཚུ་གིས་ ཁོ་དང་གཅིག་ཁར་ མི་ག་ཡང་ཁྱིད་མ་ཤོག་ཟེར་ སླབ་དེས་ཟེར་ཨིནམ་ད་ ཁོ་ར་ འདྲོག་འཇིགས་ཐོག་སོང་སྟེ་ ས་གནས་དེ་ཁར་ལྷོདཔ་ད་ འགྲུལ་འཕྲིན་ནང་ བརྡ་སླབ་ཞིནམ་ལས་ སྲོག་རིན་ཚུ་ཡང་ གཞུང་ལམ་གྱི་ཟུར་ཁ་ རྒྱ་གར་གྱི་ རུ་པི་ཐོག་ལུ་ ཕར་སྤྲོདཔ་ཅིག་ ཨ་ཞང་དེ་ ཚུར་རྩིས་ལེན་པའི་ཤུལ་ལུ་ དེ་འཕྲོ་ལས་ སྣུམ་འཁོར་ནང་ བཙུགས་འབག་འོང་ཡོདཔ་བཞིན་དུ་ མི་ངན་ཚུ་ཡང་ ཏི་རུ་ལེནམ་ཅིག་ ཚལ་མ་ནང་ བྱོག་ཡར་སོ་ཡི་ཟེར་ ངག་དབང་རྡོ་རྗེ་གིས་ སླབ་ཨིན་པས།
རྡོ་རྗེ་ལའི་གནས་ཚང་ སྐྱེས་ལོ་༥༦ ལང་མི་ སངས་རྒྱས་སྒྲོལ་མ་གིས་ སླབ་མིའི་ནང་ ཨ་ལུ་ཚུ་ ཞི་གཡོག་ནང་ དངུལ་ཕོགས་སྦོམ་ཐོབ་མི་ ཕུད་རྡོག་གཅིག་ཡང་མེད་རུང་ ཨ་ལུ་ཚུ་དང་ དམག་སྡེའི་ནང་ཡོད་མི་ མོ་རའི་ནུ་གཅུང་ཚུ་གིས་ ཕར་ཚུར་ལས་ བུ་ལོན་བཟོ་སྟེ་ མོ་རའི་རྨགཔ་ སྲོག་སྐྱབས་འབད་ཚུགས་མི་ལུ་ སེམས་དགའ་ཡི་ཟེར་ཨིན་པས།
རྡོ་རྗེ་ལ་གིས་འབད་བ་ཅིན་ ཁོ་ལུ་བྱུང་མི་ ཉམས་སྣང་ངན་པ་ཚུ་ལུ་ དཔྱག་རིག་བཏངམ་ད་ གཡུས་ཁ་འགྱོ་དགོ་མི་མནོ་དོ་ཡོདཔ་ལས་ ས་གནས་གཞན་ཅིག་ནང་ གནས་སྤོ་སོང་སྟེ་ ཨ་ལུ་ཚུ་དང་གཅིག་ཁར་ སྡོད་ནི་སྦེ་ བློ་ཐག་བཅད་ཅི་ཟེར་ཨིན་པའི་གནས་ཚུལ།



དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment