གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་ཆེན་ལུ་བརྟེན་ ས་གནས་ཀྱི་མི་ཚུ་ འོང་འབབ་བཟོ་ནིའི་ གོ་སྐབས་བཟང་པོ།

༡༥/༡༢/༢༠༡༢    ཨ་རྟག་འབད་བ་ཅིན་ གནམ་དགུན་གྱི་དུས་ཚོད་ཁར་ ཚོད་བསྲེ་ཚུ་བཙོང་མི་ལུ་བརྟེན་ འོང་འབབ་མཐོ་ཤོས་ དངུལ་ཀྲམ་འབུམ་༡ དེ་ཅིག་ལས་མ་ཐོབ་རུང་ དུས་ཅི་ དབང་ཆེན་གྱི་དོན་ལུ་ ས་ཆ་གླ་ཁར་བཏང་མི་དེ་གིས་ འོང་འབབ་དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་ འཐོབ་ནི་ཨིན་པས།
༉ སྤྱི་ཟླ་༡༢ པའི་ཚེས་༢༠ ལས་ སྤུ་ན་ཁ་ལུ་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ དབང་ཆེན་གནང་ནི་ཨིནམ་ལས་ ལྕང་གཡུས་དང་ འཛོམས་གླིང་ཐང་གི་ མི་སེར་ཚུ་གིས་ ས་ཆ་གླ་ཁར་བཏང་སྟེ་ འོང་འབབ་འབོར་ཆེ་ཏོག་ཏོ་སྦེ་ བཟོ་ཚུགས་པའི་ གོ་སྐབས་འབྱུང་ནི་ཨིན་པས།
དབང་ཞུ་མི་ཚུ་གི་དོན་ལུ་ ལྕང་གཡུས་ལུ་རྐྱབ་མི་ གནས་སྐབས་ཀྱི་སྦ་སྒོར་ཚུ།


དེ་ཡང་ དབང་ཆེན་ཞུ་བར་འོང་མི་ མང་ཤོས་ར་ སྡོད་ཁྱིམ་མེདཔ་ལས་བརྟེན་ ཨ་རིང་ཚུ་ནང་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ གནས་སྐབས་ཀྱི་ སྦ་སྒོར་ཚུ་ནང་ གླ་ཁར་སྡོད་དགོཔ་ འབྱུང་ནི་ཨིན་པས།
དབང་ཆེན་གྱི་སྐབས་ལུ་ མི་༦༠,༠༠༠ ལྷགཔ་ཅིག་ སྤུངས་འཛོམས་འབད་བའི་སྐབས་ སྤུ་ན་ཁ་དང་ ཁུ་རུ་ཐང་ དེ་ལས་ ཉེ་འདབས་ཀྱི་བཟང་ཁང་དང་ ཉལ་ཁང་ཡོད་མི་ཚུ་གིས་ མི་ལང་ནི་ཨིནམ་ལས་ ལྕང་གཡུས་དང་ འཛོམས་གླིང་ཐང་གི་ ས་ཁོངས་ནང་ གནས་སྐབས་ཀྱི་སྡོད་ཁྱིམ་རྐྱབ་མི་ཚུ་ལུ་ སའི་ཇོ་བདག་ཚུ་གིས་ ཨ་རིང་ཚུ་ གླ་འཐུས་དངུལ་ཀྲམ་༣,༠༠༠ དང་༤༥,༠༠༠ གི་བར་ན་ བཏང་དོ་ཡོདཔ་ཨིན་པས།
ལྕང་གཡུས་ལུ་ གནས་སྐབས་སྦ་སྒོར་མངམ་སྦེ་རྐྱབ་མི་༤ དེ་ཅིག་ཡོད་མིའི་གྲས་ལས་ ཁུ་རུ་ཐང་ལས་ཨིན་མི་ བཀྲིས་སྐྱིད་ཚོང་ལས་ཀྱིས་ ལྕགས་ཤོག་གིས་ ཁང་ཚན་༣༤༠ བཟོ་ནི་ཨིན་མི་ལས་ ད་ལྟོ་༣༡༠ རྐྱབ་ཚར་ཡོདཔ་ད་ ལྷག་ལུས་ཚུ་ རྐྱབ་པའི་བསྒང་ཡོདཔ་ད་ ཤོང་ཚད་མི་༥ དང་༦ འབད་མི་ ཁང་མིག་༡ ལུ་ ཁང་གླ་དངུལ་ཀྲམ་༡༠,༥༠༠ སླབ་དོ་ཡོདཔ་ཨིན་པས།
ཇོ་བདག་གཡུང་དྲུང་རྒྱལ་མཚན་གྱིས་ སླབ་མིའི་ནང་ ད་ལྟོ་ལས་ར་ ཁང་མིག་༣༠༠ མཁོ་མངགས་འབད་ཚར་ཡི་ཟེར་ཨིནམ་ད་ ཁང་མིག་ཚུ་ གྲུ་བཞི་མི་ཊར་༡༡ ཡོདཔ་ད་ དེ་ནང་སྡོད་མི་ཚུ་ལུ་ གློག་མེ་དང་ འཐུང་ཆུ་ དེ་ལས་ གསང་སྤྱོད་ཀྱི་ཞབས་ཏོག་ཚུ་ འཐོབ་ནི་ཨིནམ་ད་ ཁང་མིག་༣༤༠ གི་དོན་ལུ་ རང་ལུགས་ཀྱི་ གསང་སྤྱོད་༨༠ བཟོ་ཡོདཔ་མ་ཚད་ ཚོང་ལས་དེ་གིས་ བཟའ་ཁང་༡༠ དེ་ཅིག་ རྐྱབ་ཡོདཔ་ཨིན་པས།
གཡུང་དྲུང་རྒྱལ་མཚན་གྱིས་འབད་བ་ཅིན་ ཁོ་གིས་ སའི་ཇོ་བདག་ཚུ་ལས་ ཟླཝ་༣ དེ་ཅིག་གི་ཧེ་མར་ ཁང་མིག་༡ ཤོང་ཚད་ཀྱི་ ས་གོ་ལུ་ འཐུས་དངུལ་ཀྲམ་༣༠༠ རེ་ སྤྲོད་ནི་སྦེ་ གོང་ཚད་འགྲིགས་ཡོད་མི་དེ་ ད་རེས་ དངུལ་ཀྲམ་༥,༠༠༠ དང་༦,༠༠༠ ལུ་ ལྷོད་ནི་དེ་གིས་ སའི་ཇོ་བདག་ཚུ་གིས་ གླ་འཐུས་ཡར་སེང་འབད་ནིའི་ དཔའ་བཅམ་མས་ཟེར་ སླབ་ཨིན་པས།
ཁང་མིག་གླ་ཁར་ལེན་མི་ ཞི་གཡོག་པདྨ་འཕྲིན་ལས་ཀྱིས་འབད་བ་ཅིན་ ཁང་གླ་དེ་ རན་ཏོག་ཏོ་འདུག་ཟེར་ཨིནམ་ད་ དེ་ཡང་ དངུལ་ཀྲམ་༡༠,༥༠༠ སླབ་མི་དེ་ མི་གྲངས་༦ གི་བར་ན་ བགོ་བཤའ་རྐྱབ་ད་ དངུལ་ཀྲམ་༡,༧༥༠ ལས་བརྒལ་ སྤྲོད་མི་དགོ་པས་ཟེར་ཨིནམ་ད་ གལ་སྲིད་ གནས་སྐབས་ཀྱི་ཁྱིམ་དེ་ རང་གིས་བཟོ་དགོ་པ་ཅིན་ ཉུང་ཤོས་དངུལ་ཀྲམ་༡༠,༠༠༠ ལྷགཔ་ཅིག་ གནས་ནི་མས་ཟེར་ཨིནམ་ད་ ཁོ་གིས་ ཁང་མིག་༤ ལེན་ཡོདཔ་ཨིན་པས།
ཁང་གླ་དངུལ་ཀྲམ་༡,༧༥༠ པོ་དེ་ དབང་ཆེན་ཉིན་གྲངས་༡༥ འི་རིང་ལུ་ རྩིས་ཕབ་པ་ཅིན་ ཉིནམ་རེ་ལུ་ དངུལ་ཀྲམ་༢༩༡ གནས་དོ་ཡོདཔ་ད་ ལ་ལུ་ཅིག་གིས་འབད་བ་ཅིན་ ད་རེས་ནངས་པ་ དངུལ་ཀྲམ་༡༩༡ དེ་ཅིག་གིས་ ཁང་མིག་འཐོབ་ནི་ལཱ་ཁག་ཡོད་ཟེར་ཨིནམ་ད་ ཨིན་རུང་ ལ་ལུ་གིས་འབད་བ་ཅིན་ ཁང་མིག་ནང་ མི་༡ སྡོད་ནི་མེན་པར་༦ དེ་ཅིག་ སྡོད་དགོ་མི་ལུ་ལྟ་བ་ཅིན་ ཁང་གླ་མཐོ་དྲགས་པས་ཟེར་ སླབ་མི་ཡང་འདུག་ཟེར་ཨིན་པས།
དེའི་འོག་ལས་ར་ ཨར་ཀེ་པི་ཨོ་བཟོ་སྐྲུན་ལས་སྡེ་གིས་ ཆུ་ཤོག་གིས་བཟོ་མི་ གནས་སྐབས་ཀྱི་ཁྱིམ་༢༧༠ རྐྱབ་དོ་ཡོདཔ་ད་ དེའི་དོན་ལུ་ ཨ་རིང་གླང་དོ་༢ ལུ་ འཐུས་དངུལ་ཀྲམ་༢༦༠,༠༠༠ སྤྲོད་ཡི་ཟེར་ ཇོ་བདག་ཀརྨ་ཕུན་ཚོགས་ཀྱིས་ སླབ་ཡོདཔ་ད་ ཁང་མིག་ཚུ་ ཆུ་ཤོག་གིས་ རྐྱབ་ཡོདཔ་ཨིན་རུང་ ཐོག་ཁ་ལས་ ལྕགས་ཤོག་བཀབ་ཡོདཔ་ཨིན་པས།
ཁག་མིག་གི་ཚད་གཞི་དེ་ རིང་ཚད་ཕིཊ་༩ དང་ རྒྱ་ཚད་ཕིཊ་༨ ལུ་ ཁང་གླ་དངུལ་ཀྲམ་༨,༠༠༠ དང་༩,༠༠༠ གི་བར་ གནས་ནི་ཨིནམ་ད་ ཁང་མིག་རེ་ལུ་ མི་༥ དང་༦ གི་ཤོང་ཚད་ཡོདཔ་ད་ ཁང་མིག་༢༥༠ གི་དོན་ལུ་ གསང་སྤྱོད་༣༠ དང་༤༥ དེ་ཅིག་ རྐྱབ་ནི་ཨིན་མིའི་ལཱ་ཚུ་ཡང་ ད་ལྟོ་འབད་བའི་བསྒང་ཡོདཔ་ཨིན་པས།
ཇོ་བདག་གིས་འབད་བ་ཅིན་ ད་ཚུན་གྱི་བར་ན་ ཁང་མིག་རྐྱབ་པའི་ཟད་འགྲོ་ དངུལ་ཀྲམ་ས་ཡ༡.༢ དེ་ཅིག་ བཏང་ཡོདཔ་ལས་ ཁེ་སང་འཐོབ་ནིའི་ འོས་འབབ་ཅིག་མ་མཐོང་རུང་ དགེ་བའི་ལཱ་ཅིག་ཨིནམ་ལས་ ཕན་སེམས་བསྐྱེད་དོ་ཟེར་ཨིན་པས།
འཛོམས་གླིང་ཐང་ལུ་འབད་བ་ཅིན་ དམ་ཅན་ལས་སྡེ་གིས་ གནས་སྐབས་ཀྱི་ ཁང་མིག་༡༠༨ རྐྱབ་ཚར་ཡོད་མི་ལས་ ད་ཚུན་གྱི་བར་༧༠ ལྷགཔ་ཅིག་ མཁོ་མངགས་འབད་ཚར་ཡོདཔ་ཨིན་པས།
ལྕགས་ཤོག་གིས་བཟོ་མི་ ཁང་མིག་ཚུ་ རིང་ཚད་༡༢ དང་༡༡ དང་ རྒྱ་ཚད་༡༠ འབད་མི་ཚུ་ཡོདཔ་ད་ དེ་ཚུ་ལུ་ཡང་ ཁང་གླ་དངུལ་ཀྲམ་༡༠,༠༠༠ གནས་ནི་ཨིནམ་ད་ དེ་ནང་སྡོད་མི་ཚུ་གི་དོན་ལུ་ ཆུ་དང་ གློག་མེའི་ཞབས་ཏོག་དེ་ ཁང་གླའི་ཐོག་ཁར་ རྩིས་ནི་ཨིན་པས།
ལས་སྡེ་ནང་ལཱ་འབད་མི་ རིན་ཆེན་གྱིས་འབད་བ་ཅིན་ འཛོམས་གླིང་ཐང་གི་ ས་ཆ་དེ་ མི་སེར་ཚུ་གིས་ ཡབ་ཨྱོན་རྡོ་རྗེ་ལུ་ ཕུལ་ནི་དེ་གིས་ ས་ཆའི་འཐུས་ སྤྲོད་མི་དགོ་ཟེར་ སླབ་ཨིན་པས།
དེ་ལས་ སྒེར་པ་གནག་མདོག་གིས་ཡང་ ལྕགས་ཤོག་གིས་ ཁང་མིག་༤༣ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ རིང་ཚད་ཕིཊ་༡༡ དང་ རྒྱ་ཚད་ཕིཊ་༡༡ འབད་མི་ ཁང་མིག་ཚུ་ དངུལ་ཀྲམ་༡༠,༠༠༠ རེ་སྦེ་ གཏང་ནི་ཟེར་ཨིནམ་ད་ ཨ་རིང་ལེབ་༡ ནང་རྐྱབ་མི་ ཁང་མིག་ཚུ་གི་ས་འཐུས་ དངུལ་ཀྲམ་༤༥,༠༠༠ སྦེ་ གོང་ཚད་འགྲིགས་ཚར་ཡི་ཟེར་ཨིནམ་ད་ དེ་ནང་ཡང་ ཆུ་དང་ གློག་མེ་ དེ་ལས་ གསང་སྤྱོད་ཀྱི་ ཞབས་ཏོག་ཚུ་ འཐོབ་ནི་ཨིན་པས།
རྟ་ལོག་ལས་ཨིན་མི་ སའི་ཇོ་བདག་ ཀུན་བཟང་གིས་འབད་བ་ཅིན་ མ་གཞི་ ཨ་རིང་དེ་ནང་ གནམ་དགུན་གྱི་དུས་ཚོད་ལུ་ ཨེ་མ་ས་ལོགས་པའི་ ཐོག་ཚུ་བཏབ་ནི་ཡོད་རུང་ དུས་ཅི་བཟུམ་སྦེ་ ཁེ་སང་བཟོ་མི་ཚུགས་ཟེར་ཨིནམ་ད་ དེ་ཡང་ ཨ་རྟག་འབད་བ་ཅིན་དངུལ་ཐོག་བཙོང་མི་ལུ་བརྟེན་ འོང་འབབ་མཐོ་ཤོས་དངུལ་ཀྲམ་འབུམ་༡ དེ་ཅིག་ འཐོབ་དོ་ཡོདཔ་ཨིན་རུང་ དུས་ཅི་ ས་ཆ་གླ་ཁར་བཏང་མི་དེ་གིས་ དངུལ་ཀྲམ་༢༠༠,༠༠༠ དེ་ཅིག་ འཐོབ་ནི་མས་ཟེར་ ཨིན་པའི་གནས་ཚུལ།



སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment