གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐར་པ་གླིང་གྲྭ་ཚང་ལུ་ རང་དབང་ཁྲམ་མེད་པར་ ལོ་ངོ་༧༠༠ ལྷག་ཡོདཔ།

མི་དབང་མཆོག་གིས་ བུམ་ཐང་སྡེ་བཞིའི་ ཁེ་ཕན་བྱུང་མི་༣,༠༠༩ ལུ་ ས་ཆའི་སྐྱིད་སྡུག་གནང་ཡི། 
ད་ལྟོ་ཚུན་ ས་ཁྲམ་བཀོད་མ་ཚུགས་པར་ལུས་མི་ ཐར་པ་གླིང་དགོན་པའི་མཐོང་སྣང་།
 ༣༡/༠༧/༢༠༡༢། ༉ མི་ལོ་༧༠༠ དེ་ཅིག་ལང་མི་ བུམ་ཐང་ཐར་པ་གླིང་དགོན་པ་དེ་ སྤྱི་ལོ་༢༠༡༠ ལུ་ འགོ་འདྲེན་འཐབ་མི་ རྒྱལ་ཡོངས་ས་ཆ་བསྐྱར་འཇལ་ལས་རིམ་ལས་ ཕན་ཐོགས་བྱུང་མི་ གྲྭ་ཚང་དང་ རབ་སྡེ་ དམངས་ཀྱི་ལྷ་ཁང་ མི་སྡེ་ སྒེར་གྱི་ལྷ་ཁང་༨༩ གི་གྲས་ལས་ ས་ཁྲམ་མེད་མི་ཅིག་ཨིན་པས།
རྒྱལ་ཁབ་ནང་ ལྷ་ཁང་རྙིང་ཤོས་དང་ ཡོངས་གྲགས་ཅན་ཅིག་ཨིན་མི་ ཐར་པ་གླིང་གྲྭ་ཚང་ལུ་ ད་ལྟོའི་ ས་ཁོངས་ནང་ སྐམ་ཞིང་ཨེ་ཀར་༣༡ ཡོདཔ་མ་ཚད་ ཆོས་འཁོར་རྒེད་འོག་ནང་ སྐམ་ཞིང་ཨེ་ཀར་༣.༢༠ ཡོདཔ་ཨིན་རུང་ ད་ཚུན་གྱི་བར་ན་ ལག་ཁྲམ་དང་ ས་ཁྲམ་མེད་པར་ ལུས་ཡོདཔ་ཨིན་པས།

ཡུན་བརྟན་ཐོག་ལུ་ ཆུ་རྐ་འཛིན་སྐྱོང་འཐབ་ནིའི་ཐབས་བྱུས།

༣༡/༠༧/༢༠༡༢། ༉ བཀྲིས་གཡང་རྩེ་ བུམ་སྡེ་གླིང་ལས་ སྐྱེས་ལོ་༧༢ ལང་མི་ ཤཱཀྱ་སྒྲོལ་མ་དེ་ གཞོནམ་སྦེ་སྡོད་པའི་སྐབས་ལུ་ ཀེ་བའི་དོས་ཚུ་འབག་སྟེ་ བཀྲིས་གཡང་རྩེ་ལུ་ བཙོང་པར་འགྱོཝ་ད་ དུང་ཟམ་མཚོ་དེ་ ཧོ་མཐིང་ཐི་སྦེ་ རྒྱ་ཆེ་དྲགས་ཡོདཔ་ཨིན་རུང་ ད་རེས་ སྐམ་དོ་ཡོད་མི་ལུ་ལྟ་སྟེ་ སྐྱོ་སྣང་ལང་དོ་ཡོདཔ་ཨིན་པས།
མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མཚོ་སྐམ་འགྱོ་མི་དེ་ཡང་ མཚོ་གི་དོན་ལུ་ གསོལ་ཁ་ཕུལ་མི་དང་ མཚོ་རྫས་ཕུལ་མི་ མེད་པ་ལུ་བརྟེན་ ཨིནམ་འོང་ནི་མས་ཟེར་ཨིན་པས།

སྣུམ་འཁོར་གྱི་ བརྟག་དཔྱད་ཆོས་རྒྱུགས་ ལེན་མ་ཚུགས་པའི་དཀའ་ངལ།

ཆུ་རུད་ཀྱིས་ འཕྱགས་འབག་འོང་མི་བྱེམ་ཚུ་ སྣུམ་འཁོར་གྱི་ བརྟག་དཔྱད་ཆོས་རྒྱུགས་ལེན་སའི་ ས་ཁོངས་ནང་ གང་ཡོདཔ་ལས་ བྱེམ་ཚུ་ བཏོན་བཀོ་མ་ཚུགས་ཚུན་ བརྟག་དཔྱད་ཆོས་རྒྱུགས་ ལེན་མི་ཚུགས་ནི་ཨིན་པས། 
བྱེམ་གྱིས་གང་མི་ སྣུམ་འཁོར་བཞག་སའི་ ས་ཁོངས་ཀྱི་མཐོང་སྣང་།
 
༣༡/༠༧/༢༠༡༢། ༉ བསམ་གྲུབ་ལྗོངས་མཁར་གྱི་ ལུང་ཕྱོགས་སྐྱེལ་འདྲེན་ཡིག་ཚང་གིས་ སྣུམ་འཁོར་གཏང་ཆོག་པའི་ ཆོག་ཐམ་བཟོ་མི་ཚུ་གི་དོན་ལུ་ བརྟག་དཔྱད་ཆོས་རྒྱུགས་ ལེན་མ་ཚུགས་པར་ ཟླཝ་ཡང་ ལང་དོ་ཡོདཔ་ཨིན་པས།
སྤྱི་ཟླ་༧ པ་ འགོ་བཙུགས་ཁམས་ལུ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ ཆུ་རུད་ཀྱིས་ བྱེམ་ཚུ་འཕྱགས་འབག་འོངམ་ལས་ ལུང་ཕྱོགས་ཡིག་ཚང་གི་ ས་ཁོངས་ནང བྱེམ་གྱིས་ གང་ཡོདཔ་མ་ཚད་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ འདམ་དང་ རག་རོ་ཚུ་གིས་ གང་ཡོདཔ་ལས་ སྣུམ་འཁོར་གྱི་ བརྟག་དཔྱད་ཆོས་རྒྱུགས་ལེན་སའི་ ཐིག་ཁྲམ་ཚུ་ བསུབས་ཡོདཔ་ཨིན་པས།

ཀྲོང་གསར་ལུ་ འདས་པའི་བདུན་ཕྲག་ནང་ གཅན་གཟན་སྟག་གིས་ སྒོ་ནོར་༤ བསད་ཡོདཔ།

༣༡/༠༧/༢༠༡༢།༉ སྤྱི་ཟླ་༧ པའི་ཚེས་༢༤ གི་ཕྱི་རུ་ ཀྲོང་གསར་ནུབ་སྦིས་རྒེད་འོག་གི་ རྡོ་གཞོང་དགོན་པ་ལུ་ སེམས་ཅན་སྟག་གིས་ ནོར་༤ བསད་ཡོདཔ་ད་ རི་དྭགས་སྲུང་སྐྱོབ་སྡེ་ཚན་གྱིས་ གྱོང་རྒུད་ཕོག་མི་ཚུ་ལུ་ སེམས་གསོ་ཚུ་སྤྲོད་ནི་ཨིན་རུང་ རྒུད་འཐུས་ རིན་གོང་ཧྲིལ་པོ་སྦེ་བྱིན་ནིའི་དོན་ལུ་ མ་དངུལ་ཚུ་ འདས་པའི་ལོ་ངོ་༦ དེ་ཅིག་ལས་ར་ ལངམ་སྦེ་མིན་འདུག་ཟེར་ཨིན་པས།

བསམ་གདིང་ཁའི་ལྕགས་ཟམ་ གསར་བསྒྲུབས་ཀྱི་འགོ་འབྱེད།

རིང་ཚད་ཕིཊ་༢༠༠ དང་ རྒྱ་ཚད་མི་ཊར་༣ འབད་མི་ ལྕགས་ཟམ་གསརཔ་དེ་གིས་ ཆུ་སྦུག་རྒེད་འོག་གི་
མི་སེར་ཚུ་དང་ བསེ་བ་ལ་དགོན་པའི་ དགེ་སློང་ཚུ་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

གསར་བསྒྲུབས་འབད་མི་ བསམ་སྡིངས་ཁའི་ལྕགས་ཟམ།
 ༣༡/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༨ ལུ་ སྤུ་ན་ཁ་ བསམ་སྡིངས་ཁ་ལུ་གསར་བསྒྲུབས་འབད་མི་ལྕགས་ཟམ་ འགོ་འབྱེད་འབད་མི་དེ་གིས་ མཐའ་ཟུར་གྱི་ ཆུ་སྦུག་རྒེད་འོག་དེ་ སྣུམ་འཁོར་ལམ་དང་ མཐུད་སྦྲེལ་འབད་ཚུགས་ནི་ཨིན་པས།
ཟམ་དེ་གིས་ སྤུ་ན་ཁ་རྫོང་ཁག་གི་ རྒེད་འོག་༡༡ ག་རའི་ནང་ སྣུམ་འཁོར་ལམ་གྱི་ཞབས་ཏོག་ བརྒྱ་ཆ་སྦེ་ གྲུབ་ཚུགས་ཡོདཔ་ཨིན་པས།

ལྕང་ལཱ་ ལོག་རྐྱབ་ཚུགས་མི་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོདཔ།

རྒྱལ་སྤྱི་ཚོང་འབྲེལ་ལས་འགུལ་གྱིས་ དངུལ་ཀྲམ་ས་ཡ་༥.༧ གྲོགས་རམ་བྱིན་ཐོག་ལས་ མོང་སྒར་ ཝེང་མཁར་རང་བཞིན་ཐོན་སྐྱེད་གོང་འཕེལ་ཞིབ་འཚོལ་ལྟེ་བ་དང་ རྫོང་ཁག་སོ་ནམ་ཡིག་ཚང་གིས་ མཉམ་འབྲེལ་འབད་དེ་ དུས་ཅི་ ལྕང་ལཱ་ ལོག་རྐྱབ་ཚུགས་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ འབྱ་ཞིང་ནང་ ལྕངམ་བཙུགས་པའི་བསྒང་།
  ༣༡/༠༧/༢༠༡༢། ༉ ལོ་ངོ་༢༠ དེ་ཅིག་ལྷག་པའི་ཤུལ་ལས་ མོང་སྒར་རྫོང་ཁག་ དགོངས་འདུས་རྒེད་འོག་ ཡངས་བཱ་རི་དང་ བག་ལ་གཡུས་ཚན་གྱི་མི་སེར་ སོ་ནམ་པ་ཚུ་གིས་ ས་གནས་ཡངས་བཱ་རི་ལུ་ཡོད་པའི་ འབྱ་ཞིང་ཚུ་ནང་ དུས་ཅི་ལས་ ལོག་ལྕང་ལཱ་རྐྱབ་ཚུགས་ནི་དེ་གིས་ མི་སེར་སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོདཔ་ཨིན་པས།

བདུན་ཕྲག་ལས་བཅད་དེ་ ས་རུད་ཆད་མི་གིས་ ས་གནས་ཀྱི་མི་སེར་ལུ་ ཚ་གྱང་།

ས་རུད་ཀྱི་ས་ཁོངས་འདི་ བདུན་ཕྲག་༡ ནང་ར་ ས་རུད་དེ་ ཉེན་ཁ་ཅན་ཅིག་ལུ་ བཟོ་ཡོདཔ་ལས་ འགྲུལ་སྐྱོད་འབད་མི་ཚུ་གི་ཉེན་སྲུང་ལུ་ ཁྲིམས་སྲུང་འགག་པ་ཚུ་གིས་ ཉིནམ་ཨ་རྟག་ར་ ལམ་ལྟག་ལས་མར་ རྡོ་ཚུ་ བུད་མ་བུད་ཀྱི་ ལྟ་རྟོག་འབད་དགོཔ་ཨིན་མས།
ས་རུད་ཆད་སའི་སཁོངས
༣༡/༠༧/༢༠༡༢།༉ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ ཆརཔ་ཤུགས་སྦེ་རྐྱབ་པའི་རྐྱེན་གྱིས་ ཕུན་ཚོགས་གླིང་དང་ དཔག་བསམ་ཁའི་བར་ནང་གི་ གཞུང་ལམ་བདའ་སྟེ་ བདུན་ཕྲག་༡ དེ་ཅིག་གི་རིང་ ས་རུད་ཆད་ནི་མེད་པར་ཐོན་མི་ལུ་བརྟེན་ བཟོ་གྲྭ་འཕྲུལ་ཁང་དང་ ས་གནས་ཀྱི་མི་སེར་ཚུ་ལུ་ ཚ་གྱང་ཕོག་སྟེ་ཡོདཔ་ཨིན་པས།
དེ་མ་ཚད་ ཁ་ཙ་ཡང་ ས་རུད་སྦོམ་སྦེ་ཆད་མི་གིས་ ལམ་གྱི་གནས་སྟངས་ ཧེང་བཀལ་ར་ སྐྱོ་དྲགས་བཟོ་ཡོདཔ་ལས་ ཕར་ཚུར་འགྲོ་འགྲུལ་འབད་མི་ སྣུམ་འཁོར་ཚུ་ཡང་ ཐོགས་ལུས་ཡོདཔ་མ་ཚད་ སློབ་གྲྭ་ནང་འགྱོ་མི་སློབ་ཕྲུག་ཚུ་ དུས་ཡུན་ཆུ་ཚོད་༡ ལྷགཔ་ཅིག་ ས་གནས་དེ་ཁར་ ལུས་ཡོདཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

 ༣༡/༠༧/༢༠༡༢། སྤྱི་ཟླ་༧ པའི་ཚེས་༡༧ གྱི་ ཉིན་མའི་ཆུ་ཚོད་༡ དང་སྐར་མ་༣༠ དེ་ཅིག་ཁར་ དབང་འདུས་ཕོ་བྲང་དང་ ཀྲོང་གསར་གྱི་བར་ན་ ཅན་དན་སྦྱིས་ལུ་ མ་ལྷོད་པའི་ ཀི་ལོ་མི་ཊར་དག་པ་ཅིག་གི་ས་གནས་ ཆུ་སེར་བུའི་ སྦོ་ལོགས་ཁར་ སྣུམ་འཁོར་ཊཱག་ཅིག་ རྦོབ་རིལ་སོང་མི་དེ་ སྤྱི་ཟླ་༧ པའི་ཚེས་༢༨ ལུ་ ཀུན་གསལ་གྱིས་ པར་བཏབ་པའི་སྐབས་ རྦོབ་རིལ་སའི་ ས་ཁོངས་ནང་ལས་ ད་ལྟོ་ཡང་ མ་བཏོན་པར་འདུག།
རྐྱེན་ངན་བྱུངམ་ད་ སྐྱེས་ལོ་༤༨ ལང་མི་ ཊཱག་གི་ དེད་གཡོགཔ་དང་ ཁོ་གི་གནས་ཚང་ལུ་ རྨ་སྐྱོན་བྱུང་སྟེ་ ཀྲོང་གསར་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ མང་སྡེ་ཆུ་ གློག་མེ་ལས་འགུལ་གྱི་དོན་ལུ་ བཟོ་སྐྲུན་ཅ་ཆས་འབག་མི་ ཊཱག་དེ་ ཕུན་ཚོགས་གླིང་ལས་འོངམ་ད་ རྐྱེན་ངན་བྱུང་ཡོདཔ་བཞིན་དུ་ ས་ཁོངས་ལུ་ བལྟ་བ་ཅིན་ ལམ་ལྟག་ལས་མར་ ས་ཆད་འོངམ་ད་ འཕྱགས་བདའ་ཡོདཔ་བཟུམ་མའི་ མཐོང་སྣང་བྱུངམ་ཨིན་རུང་ ད་ལྟོ་ གཏན་འཁེལ་སྦེ་ ཧ་གོ་མ་ཚུགས་པའི་གནས་ཚུལ།

ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ མེ་གིས་འཚིགས་ཡོདཔ།

 ཡངས་བཱ་རི་གཡུས་ཚན་ནང་ མེ་རྐྱེན་གྱིས་ 
ཐལ་བར་བརླགས་བཏང་་མི་ རང་ལུགས་ཀྱི་ཁྱིམ།
༣༠/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༨ ཀྱི་ནུབ་མོ་ མོང་སྒར་རྫོང་ཁག་ ལྕགས་སི་མཁར་རྒེད་འོག་ ཡངས་བཱ་རི་གཡུས་ཚན་ནང་ ཐོག་ཚད་༢ འབད་མི་ རང་ལུགས་ཀྱི་ཁྱིམ་ཅིག་ རྩ་བ་ལས་ མེ་གིས་འཚིགས་མི་ལུ་བརྟེན་ ནང་མི་བཟའ་ཚང་༥ སྡོད་ས་མེདཔ་བཟོ་ཡོདཔ་མ་ཚད་ ཁྱིམ་ནང་གི་ ཅ་ཆས་ཚུ་ཡང་ ཐོབ་མ་ཚུགསཔ་ཨིན་པས།
རྐྱེན་ངན་དེ་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ལུ་ བྱུང་བྱུངམ་བཟུམ་ཅིག་ཨིནམ་ད་ དེ་བསྒང་ ཁྱིམ་ནང་ ག་ཡང་མེདཔ་ད་ ཁྱིམ་གྱི་ཇོ་བདག་ སྐྱེས་ལོ་༣༡ ལང་མི་ རྡོ་རྗེ་དང་ ཁོ་རའི་གནས་ཚང་ སྐྱེས་ལོ་༢༣ ལང་མི་ ཆོས་སྐྱེད་དབང་མོ་གིས་ སྐྱེས་ལོ་༣ ལང་མི་ ཁོང་རའི་ ཨ་ལུ་ཁྱིད་དེ་ རི་དྭགས་སེམས་ཅན་ཚུ་ལས་ ལོ་ཐོག་བསྲུང་པར་ སོང་ནུག་ཟེར་ ལྕགས་སི་མཁར་རྒཔོ་ པདྨ་རྡོ་རྗེ་གིས་ སླབ་ཨིན་པས།

སྨྱོ་རྫས་ནང་འདྲེན་འབད་མི་ཚུ་ལུ་ བཙོན་ཁྲིམས་ལོ་༩ ཚུན་བཀལ་ཡོདཔ།

༣༠/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༧ ལུ་ ཐིམ་ཕུ་རྫོང་ཁག་ཁྲིམས་འདུན་གྱིས་ ཚད་འཛིན་ཅན་གྱི་ སྨྱོ་རྫས་ཚུ་ ནང་འདྲེན་དང་ ཉོ་བཙོང་འཐབ་མི་ ཕོ་སྐྱེས་༦ ལུ་ བཙོན་ཁྲིམས་ལོ་༥ ལས་༩ ཚུན་ བཀལ་བའི་ཁར་ ཨམ་སྲུ་ཅིག་ལུ་ ཐེ་ཚོམ་ལས་གྲོལ་བའི་ རྒྱུ་མཚན་ཅན་གྱི་མངོན་རྟགས་ བཏོན་མ་ཚུགསཔ་ལས་ ཉེས་གྲོལ་གྱི་ འཁྲུན་ཆོད་བཏོན་གནང་ནུག།
ཁོང་གི་གྲས་ལས་ དབང་འདུས་ཕོ་བྲང་ དགོན་ཁ་ལས་ཨིན་མི་ ཕྲིན་ལས་རྡོ་རྗེ་གིས་ སྨྱོ་རྫས་ཚུ་ ནང་འདྲེན་དང་ ཉོ་བཙོང་འཐབ་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ད་ ཚེ་རིང་རྣམ་རྒྱལ་དང་ པ་སངས་དབང་འདུས་ དོན་གྲུབ་བཀྲིས་ ངག་དབང་ཆོས་འཕེལ་ དེ་ལས་ ཆོས་སྐུ་ཚུ་ལུ་ ཚད་འཛིན་གྱི་སྨྱོ་རྫས་ འཆང་སྤྱོད་འབད་ཡོད་པའི་ཉེས་འཛུགས་ཐོག་ བཙོན་ཁྲིམས་ཟླཝ་༥ རེ་ བཀལ་ཡོདཔ་ཨིན་པས།

བཟའ་ཚང་རྩུབ་སྤྱོད་ཀྱི་གནད་དོན་ ཡར་སེང་འགྱོ་དོ་ཡོདཔ།

བཟའ་ཚང་རྩུབ་སྤྱོད་ནང་ མང་ཤོས་ར་ ཕོ་སྐྱེས་ཚུ་གིས་ གནས་ཚང་བརྡུང་རྫོབ་དང་ ཨམ་ཅུངམ་འཚོལ་ནི་ དེ་ལས་ གནས་ཚང་དང་ཨ་ལུ་ཚུ་ བཀོག་བཞག་སྟེ་ བྱོག་འགྱོ་བའི་གནད་དོན་ཚུ་ ཐོན་དོ་ཡོདཔ་ཨིན་པས། 
 
༣༠/༠༧/༢༠༡༢། ༉ ཨམ་སྲུའི་ཆ་བཞག་དང་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ནང་ ད་རེས་ནངས་པ་ བཟའ་ཚང་རྩུབ་སྤྱོད་འབད་མི་ལུ་བརྟེན་ བྱ་སྟབས་མ་བདེ་བའི་གནད་དོན་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།
ལས་སྡེའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཧེ་མ་དང་ཕྱདཔ་ད་ རྒྱལ་ཁབ་ནང་ བཟའ་ཚང་རྩུབ་སྤྱོད་ཀྱི་ གནད་དོན་ཚུ་ ངེས་ཏིག་ཡར་སེང་འགྱོཝ་ཨིནམ་ སླབ་མ་ཤེས་རུང་ ད་རེས་ཀྱི་གནས་སྟངས་ནང་ བརྡ་བརྒྱུད་ཚུ་གིས་ ལས་སྡེའི་སྐོར་ལས་ གོ་བརྡ་ཁྱབ་སྤེལ་འབད་མི་ལུ་བརྟེན་ཏེ་ ཨིནམ་འོང་ནི་མས་ཟེར་ཨིན་པས།

གནས་ཚུལ་མདོར་བསྡུས།

 ༣༠/༠༧/༢༠༡༢། སྤྱི་ཟླ་༧ པའི་ཚེས་༢༨ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ མགར་ས་དང་ སྤུ་ན་ཁ་ སྤ་རོ་ དེ་ལས་ ཆུ་ཁ་རྫོང་ཁག་གི་ དགོན་པ་ཚུ་གི་དོན་ལུ་ བླམ་༥ བསྐོ་བཞག་གནང་ཡོདཔ་ད་ དེ་ཡང་ རྟ་ལོག་ནོརབུ་སྒང་ལས་ བླམ་བཙན་སྐྱོགས་རྒྱལ་མཚན་དེ་ ལ་ཡ་རྒེད་འོག་གི་བླམ་དང་ བླམ་ལེགས་སྐྱིད་རྡོ་རྗེ་དེ་ སྤ་རོ་རྡོ་སྒར་སྤྱི་དཀར་དགོན་པའི་བླམ་ བླམ་ཨོ་རྒྱན་ཚེ་རིང་དེ་ སྤུ་ན་ཁ་ ཟླ་བ་ཁ་དགོན་པའི་བླམ་ བླམ་ཡེ་ཤེས་དེ་ སྤུ་ན་ཁ་ ལབ་རྩ་ཁ་དགོན་པའི་བླམ་ དེ་ལས་ བླམ་རྡོ་རྗེ་དེ་ ཆུ་ཁ་སློབ་གཉེར་ཁ་དགོན་པའི་བླམ་ ཨིན་པའི་གནས་ཚུལ།

པ་སངས་རྡོ་རྗེ་ལུ་ རྐངམ་གི་ནད་གཞི་ཐོབ་ཡོདཔ་ལས་ དཔེ་ཆ་ལྷབ་ནི་ལུ་ ཐོ་ཕོག་ཡོདཔ།

ཐིམ་ཕུ་ལུ་ སྨན་བཅོས་འབད་བར་འོང་མི་ སློབ་ཕྲུག་པ་སངས་རྡོ་རྗེ།
 ༣༠/༠༧/༢༠༡༢། ༉ ཆུ་ཁ་རྫོང་ཁག་ སྤག་ཤི་ཁ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་རིམ་༡༠ པའི་སློབ་ཕྲུག་ པ་སངས་རྡོ་རྗེ་ལུ་ སྤྱི་ལོ་༢༠༠༨ ལུ་ རྐངམ་གི་ནད་གཞི་ཅིག་ ཐོབ་ཡོདཔ་ལས་ ཁོ་ལུ་ བཟོད་མ་ཚུགས་པའི་ སྡུག་བསྔལ་ཕོག་ཡོདཔ་ཨིན་པས།
དེ་ཡང་ སློབ་གྲྭའི་སློབ་དཔོན་ཅིག་དང་ ཁོ་རའི་ ཕོ་རྒན་གཉིས་ཀྱིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་བཅོས་འབད་ནིའི་དོན་ལུ་ བསྐྱལ་བར་འོང་ཡོདཔ་ཨིན་པས།

ཡུན་བརྟན་གནས་མ་ཚུགས་པ་ཅིན་ གཞུང་གིས་ལྷན་ཐབས་འབད་དགོཔ།

༣༠/༠༧/༢༠༡༢། ༉ འབྲུག་གོང་འཕེལ་དངུལ་ཁང་ལུ་ ངེས་པར་དུ་ གཞུང་ལས་ ལྷན་ཐབས་དགོ་པའི་ གནས་སྟངས་གུ་ ལྷོད་དེ་འབད་བ་ཅིན་ གཞུང་གིས་ ལྷན་ཐབས་མ་དངུལ་ གནང་ནི་གི་ འོས་འབབ་ཡོདཔ་ཨིན་རུང་ དངུལ་ཁང་གིས་ དང་པ་ར་ གྲོང་གསེབ་སྐྱིན་འགྲུལ་ལུ་ གཙོ་བོར་བཏོན་ཞིནམ་ལས་ རང་མགོ་རང་འདྲོང་ཐོག་ ལག་ལེན་འཐབ་ཚུགས་པའི་ ཐབས་ཤེས་ཚུ་ བཏོན་དགོཔ་ཨིན་པས།

ཨ་མོ་ཆུའི་ ཟམ་བཟོ་སྐྲུན་ལཱ་ ཁག་འབགཔ་གསརཔ་ལུ་ སྤྲོད་ཡོདཔ།

ཨ་མོ་ཆུ་ཟམ་བཟོ་སྐྲུན་གྱི་ལཱ་ རིན་བསྡུར་འབདཝ་ད་ ནེ་པཱལ་ ཀ་ལི་ཀ་བཟོ་སྐྲུན་དང་ འབྲུག་དགའ་སེངཔ་བཟོ་སྐྲུན་གྱིས་ ཁག་འབག་ལཱ་ ཐོབ་ཡོདཔ་ཨིན་པས། 
ལཱ་འབད་འཕྲོ་སྦེ་ལུས་མི་ ཨ་མོ་ཆུ་ཟམ་བཟོ་སྐྲུན་གྱི་མཐོང་སྣང་།
 ༣༠/༠༧/༢༠༡༢། ༉ བསམ་རྩེ་དང་ ཕུན་ཚོགས་གླིང་གི་བར་ན་ མཐུད་སྦྲེལ་འབད་མི་ ཨ་མོ་ཆུའི་ ཟམ་གྱི་བཟོ་སྐྲུན་ལཱ་ཚུ་ ཁག་འབགཔ་གསརཔ་ཅིག་ལུ་ སྤྲོད་ཡོདཔ་ལས་ ལམ་སེལ་ལས་ཁུངས་ཀྱིས་ ཟམ་དེ་དུས་ཚོད་ཁར་ མཇུག་བསྡུ་ཚུགས་པའི་རེ་བ་ བསྐྱེད་དོ་ཡོདཔ་ཨིན་པས།
འབྲུག་པའི་ ཁག་འབགཔ་ཚུ་གིས་ ལྕགསི་ཨིས་ཊིལ་གྱི་ བཟོ་བཀོད་འབད་ནི་ལུ་ དང་འདོད་བསྐྱེད་མ་བཏུབ་མི་ལུ་བརྟེན་ རྒྱལ་སྤྱིའི་ཁག་འབགཔ་ཚུ་གི་བར་ན་ རིན་བསྡུར་འབདཝ་ད་ ནེ་པཱལ་ ཀ་ལི་ཀ་བཟོ་སྐྲུན་དང་ འབྲུག་དགའ་སེབ་བཟོ་སྐྲུན་གཉིས་ཀྱིས་ ལཱ་དེ་ཐོབ་ཡོདཔ་ཨིན་པས།

ད་ལས་ཕར་ སློབ་ཕྲུག་ཚུ་ སློབ་གྲྭའི་སྒྲིག་ཁྲིམས་ལུ་ དམ་དམ་གནས་དགོཔ།

 ༣༠/༠༧/༢༠༡༢། ༉ བརྡ་བརྒྱུད་དང་ ལྷན་རྒྱས་གཞུང་ཚོགས་ཀྱི་ གྲོས་འཛོམས་ཐེངས་༢༢ པའི་ནང་ ཤེས་རིག་བློན་པོ་ ཐྲ་ཀུར་སིང་ པའུ་ཌེལ་གྱིས་ སློབ་གྲྭ་ཚུ་གི་ འགན་ཁུར་དེ་ ཁྲིམས་འགལ་གྱི་ལཱ་འབད་མི་ སློབ་ཕྲུག་ཚུ་ལུ་ རྒྱབ་འཛིན་འབད་ནི་ མེན་ཟེར་ཨིན་པས།
དེ་ཡང་ སློབ་གྲྭ་ཚུ་ནང་ སྒྲིག་ཁྲིམས་དམ་དྲགས་ཡོད་ནི་དེ་གིས་ ཁྱིམ་ནང་ ཁྲིམས་ལས་འགལ་བའི་ལཱ་འབད་མི་ སློབ་ཕྲུག་ཨ་ལུ་ མངམ་འཐོནམ་མས་ཟེར་ བརྡ་བརྒྱུདཔ་ཚུ་གིས་ དྲི་བཀོད་འབད་བའི་ལན་ལུ་ བློན་པོ་གིས་གསུངས་ཡོདཔ་ཨིན་པས།

ཆུ་ཚོད་འཁོར་ལོ་ ཀ་ཆེན་རྩ་བ་ལུ་ ལས་རིམ་འགོ་འདྲེན་འཐབ་མི་གིས་ ཞལ་འདེབས་འབུམ་༥ ལྷགཔ་ཅིག་ཐོབ་ཡོདཔ།

 ༣༠/༠༧/༢༠༡༢། ༉ ཐིམ་ཕུ་ཆུ་ཚོད་འཁོར་ལོ་ཀ་ཆེན་གྱི་རྩ་བར་ འབྲུག་གློག་བརྙན་ནང་ བཅའ་མར་གཏོགས་མི་སྡེ་ཚན་དང་ ཐིམ་ཕུ་ཤེས་རིག་ཁྲོམ་སྡེ་གཉིས་ མཉམ་འབྲེལ་ཐོག་ལས་ དབང་འདུས་ཕོ་བྲང་རྫོང་མེ་མཆོད་བཞེས་མི་དེ་ ལོག་གསར་བཞེངས་འབད་ནིའི་དོན་ལུ་ ཞལ་འདེབས་མ་དངུལ་བསྡུ་ལེན་འབད་དོན་ལུ་ སྤྲོ་སྟོན་གྱི་ལས་རིམ་དང་ ཟ་འཐུང་གི་རིགས་བཙོང་ནིའི་ལས་རིམ་འགོ་འདྲེན་འཐབ་མི་དེ་ མཇུག་བསྡུ་ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༢ ཀྱི་ ཁྲི་མངའ་གསོལ་མདའ་རྩེད་ མཇུག་བསྡུ་ཡོདཔ།

དམ་ཅན་སྡེ་ཚན་གྱིས་ ཨང་དང་པའི་ རྒྱལ་རྟགས་ལེན་པའི་བསྒང་།
 ༣༠/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༨ རེས་གཟའ་ཉི་མ་ལུ་ མི་མང་ལྟདམོ་ལྟ་མི་ཚུ་གི་ མནོ་དོན་བཟུམ་སྦེ་ དོ་འགྲན་བྱུང་མ་ཚུགས་མི་དེ་ཡང་ འདས་པའི་ཟླཝ་༢ ལྷགཔ་ཅིག་གི་རིང་ལུ་ རྩེད་འགྲན་འབད་དེ་ མཐའ་བཅད་འགྲན་བསྡུར་ནང་ལྷོདཔ་ད་ སྡེ་ཚན་ཅིག་གིས་ འཐུས་ཤོར་སྦོམ་སྦེ་ར་བྱུང་མི་ལུ་བརྟེན་ཏེ་ཨིན་པས།

དམངས་གཙོའི་རིང་ལུགས་ཀྱི་ གཞི་གནས་ངོ་མ་ ས་གནས་གཞུང་ཨིནམ།

མི་དབང་མངའ་ཞབས་མཆོག་གིས་ དམངས་གཙོའི་རིང་ལུགས་ འགོ་བཙུགས་གནངམ་ལས་ཚུར་ མཐར་འཁྱོལ་ཏོག་ཏོ་ འགྱོ་དོ་ཟེར་ གསུངས་གནང་ཡི།
༢༨/༠༧/༢༠༡༢། ༉ ས་གནས་གཞུང་འདི་ གཞུང་ཆུང་ཀུ་དང་ ཡང་ཅིན་ གནས་རིམ་དམའ་ཤོས་ཀྱི་ གཞུང་མིན་པར་ མི་སེར་ཚུ་གི་དོན་ལུ་ མཐུན་ཏོག་ཏོ་དང་ ཐག་ཉེ་ཤོས་ཀྱི་ གཞུང་ཨིན་པ་ལུ་བརྟེན་ ཁྱེད་ཆ་ཁྱབ་ཀྱིས་ རྒཔོ་གི་བདག་སྐྱོང་དང་ ས་གནས་གཞུང་གི་ རང་དབང་རྩ་བརྟན་བཟོ་ནི་ལུ་ ལཱ་འབད་དགོ་ཟེར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གསུངས་གནང་ཡི།

གནས་ཚུལ་མདོར་བསྡུས།


༢༨/༠༧/༢༠༡༢། ཐིམ་ཕུ་ཆུ་རྩལ་ཁང་གི་ ཉེ་འདབས་ལུ་ ནུབ་མོ་ཆར་ཤུགས་རྐྱབ་པའི་སྐབས་ འཁོར་ལམ་བདའ་སྟེ་ ཆུ་དང་རྡོ་ཚུ་ ཐདམ་ཐད་ཁ་ལས་ཕར་ བུད་འོང་པའི་མཐོང་སྣང་།

དུས་ཅི་ རྒྱལ་ས་ལུ་ ཆརཔ་ཤུགས་སྦེ་ རྐྱབ་ཡོདཔ།

༢༨/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ ཐིམ་ཕུ་ལུ་ ཆརཔ་མི་ལི་མི་ཊར་༧༡.༦ རྐྱབ་མི་དེ་ འདས་པའི་ལོ་ངོ་༡༦ གི་རིང་ ཆར་ཤུགས་ཆེ་ཤོས་ཅིག་ཨིན་པས།
མ་གཞི་ སྤྱི་ལོ་༢༠༠༩ ཟླ་༥ པའི་ཚེས་༢༦ ལུ་ཡང་ མི་ལི་མི་ཊར་༧༢.༥ རྐྱབ་ཡོདཔ་ཨིན་རུང་ ཆརཔ་དེ་ རང་བཞིན་གྱི་ ཆར་ཆུའི་གནས་སྟངས་ཐོག་ལུ་མེན་པར་ རྒྱ་གར་གྱི་ བཱེ་ཨོཕི་ བེང་གཱལ་ནང་ རླུང་འཚུབས་འཕུ་ནི་དེ་གིས་ བྱུང་ཡོདཔ་ཨིན་པས།

གཡུས་མི་ཚུ་ལུ་ ལས་མིའི་གླ་ཆ་མ་སྤྲོད་པའི་རྩོད་གཞི།

 ༢༧/༠༧/༢༠༡༢། ༉ བསམ་གྲུབ་ལྗོངས་མཁར་ཨོ་རོང་རྒེད་འོག་ ཕི་ལུ་མ་གཡུས་ཚན་གྱི་ ཁྱིམ་གུང་༡༦༥ དེ་ཅིག་ མཉམ་རུབ་ཐོག་ལས་ ན་ཧིང་ སྤྱི་ཟླ་༡༠ པའི་ནང་ གློག་མེ་ལྷོད་པའི་སྐབས་སུ་ གཡུས་མི་ གློག་མེ་བཀྲམ་སྤེལ་གྱི་ལཱ་ནང་འབྲེལ་གཏོགས་འབད་མི་ཚུ་གིས་ ད་ལྟོའི་བར་ན་ཡང་ ཁག་འབགཔ་གིས་ གླ་ཆ་སྤྲོད་མ་བཏུབ་མི་ལུ་བརྟེན་ བསམ་གྲུབ་ལྗོངས་མཁར་ རྫོང་ཁག་ཁྲིམས་འདུན་ནང་ རྩོད་བཤེར་གྱི་མཐོ་གཏུགས་འབད་ཡོདཔ་ཨིན་པས།

བརྡ་བརྒྱུད་ནང་ གནས་ཚུལ་འཛོལ་ཏེ་བྲིས་མི་ལུ་ བློན་ཆེན་གྱིས་དོགས་སེལ།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ 
རུ་པིའི་དཀའ་ངལ་གྱི་སྐོར་ལས་ གསལ་བཤད་གནང་པའི་བསྒང་།
 ༢༧/༠༧/༢༠༡༢། ༉ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་དང་ བརྡ་བརྒྱུད་ཀྱི་བར་ན་ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ ཞལ་འཛོམས་འཚོགས་པའི་སྐབས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ རྒྱལ་ཁམས་ཀྱི་ སྙན་ཞུ་ཕུལ་མི་དང་འབྲེལ་ གནས་ཚུལ་གསར་ཤོག་ཅིག་ནང་ བློན་ཆེན་གྱིས་ རུ་པིའི་དཀའ་ངལ་ཐོན་དགོ་མི་དེ་ དངུལ་ཁང་ཚུ་ལུ་བརྟེན་ཏེ་ཨིན་ཟེར་ སླབ་ཡོདཔ་སྦེ་ བྲིས་མི་དེ་ འཛོལ་བ་ཨིན་ཟེར་གསུངས་ཡི།

དོགས་ཅན་ཅིག་ དོ་དམ་འོག་ལུ་བཙུགས་ཡོདཔ།

༢༧/༠༧/༢༠༡༢། ༉ བུམ་ཐང་རྫོང་ཁག་ ཆོས་འཁོར་རྒེད་འོག་ དུར་གཡུས་ཚན་ལས་ སྐྱེས་ལོ་༥༨ ལང་མི་ ཕོ་སྐྱེས་ཅིག་གིས་ ཁ་འབྱལ་ནི་འབད་ཡོད་མི་ ཁོ་རའི་ གནས་ཚང་གི་ཁྱིམ་ནང་ལས་ ཏི་རུ་ཨར་རྐུན་འབད་ནུག་ཟེར་བའི་ དོགས་པ་ལུ་བརྟེན་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ཚོད་བསྲེའི་གོང་ཚད་ཡར་སེང་འགྱོ་མི་དེ་ སྐྱ་ནམ་ལུ་བརྟེན་ཨིནམ།

༢༧/༠༧/༢༠༡༢། ༉ རྒྱལ་ཁབ་ནང་ སྐྱ་ནམ་གྱི་གོང་ཚད་དང་ ཁྱིམ་གྱི་ཁང་གླ་ དེ་ལས་ བཟོ་སྐྲུན་གྱི་ཅ་ཆས་ཀྱི་གོང་ཚད་ཚུ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་མི་ལུ་ མི་སེར་ཚུ་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
ལས་འཛིན་ཅིག་ནང་ ལཱ་འབད་མི་ ཤེས་རབ་ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལཱ་འབད་སའི་ས་ཁོངས་དེ་ ཐིམ་ཕུ་བཟུམ་ཅིག་ནང་འབད་བའི་བསྒང་ལས་ ཟླ་རིམ་གྱི་ དངུལ་ཕོགས་ཐོབ་མི་དེ་གིས་ ཁྱིམ་ཁང་གླ་སྤྲོད་ནི་དང་ བཟའ་ནི་ དེ་ལས་ གྱོན་ནི་གསུམ་ལས་ ག་གདམ་ཁ་རྐྱབ་ནི་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།

གནས་ཚུལ་མདོར་བསྡུས།

 ༢༨/༠༧/༢༠༡༢། རྒྱ་གར་ ཨོ་རི་སའི་ ཀ་ལིང་ག་བཟོ་གྲྭ་འཕྲུལ་རིག་སློབ་ཁང་(ཀེ་ཨའེ་ཨའེ་ཊི་)དང་ ཀ་ལིང་ག་མི་སྡེའི་ཚན་རིག་སློབ་ཁང་(ཀེ་ཨའེ་ཨེསི་ཨེསི་)གིས་ སྤྱི་ལོ་༢༠༡༢ ལོའི་དོན་ལུ་ ཀེ་ཨའེ་ཨའེ་ཊི་ ཨོ་ན་རེ་རི་ ཌོག་ཊེ་རེཌི་རྟགས་མ་དང་ ཀེ་ཨའེ་ཨེསི་ཨེསི་ ཧིའུ་མེ་ནེ་ཊི་རི་ཡན་རྟགས་མ་དེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ལུ་ གཞུང་འབྲེལ་ཐོག་ལས་ ཕུལ་ནི་གི་ ལས་རིམ་ཡོདཔ་ཨིན་པས།
དེའི་དོན་ལུ་ སློབ་ཁང་གཞི་བཙུགས་འབད་མི་ ཌོག་ཊར་ ཨ་ཅུ་ཊ་ ས་མཱན་ཏ་གིས་ ཁ་ཙ་ བློན་མཆོག་གི་ སྐུ་མདུན་ལུ་བཅར་ཏེ་ སྤྱི་ཟླ་༩ པའི་ནང་ སློབ་ཁང་གི་ མཐར་འཁྱོལ་དུས་སྟོན་ནང་ སྐུ་མགྲོན་གཙོ་བོ་སྦེ་ མགྲོན་ཞུ་འབད་མི་དེ་ལུ་ བློན་ཆེན་མཆོག་གིས་ ཞལ་བཞེས་གནང་ཡོད་པའི་གནས་ཚུལ།

གོ་གནས་ལས་དགོངས་ཞུ་འབད་རུང་ བཀབ་ནེ་རང་འཇགས་བཀབ་ཆོག་ག?

མི་དབང་རྒྱལ་པོའི་སྐུ་སྒེར་ཚོགས་སྡེའི་འཐུས་མི་ དྲགོས་སངས་རྒྱས་དབང་ཕྱུག་གིས་འབད་བ་ཅིན་ རྒྱལ་པོའི་ ཁེ་དབང་ཐོག་ལུ་ བུ་རས་དམརཔོ་གནང་མི་ཚུ་ མི་དབང་རྒྱལ་པོའི་ཁེ་དབང་ལྟར་དུ་ མི་ཚེ་གཅིག་ ལག་ལེན་འཐབ་ནི་ལུ་འོས་འབབ་ཡོད་རུང་ གོ་གནས་ཀྱི་རིམ་པ་ལུ་བརྟེན་ གནང་མིའི་བཀབ་ནེ་ཚུ་ གོ་གནས་ལས་དགོངས་ཞུ་འབད་ཞིནམ་ལས་ འཕྲོ་མཐུད་བཀབ་ནི་དེ་ འོས་འབབ་ཅིག་ མ་མཐོང་ཟེར་ཨིན་པས།
 
༢༨/༠༧/༢༠༡༢། ༉ འབྲུག་རྒྱལ་ཁབ་ནང་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ ཆོས་སྲིད་༢ ཀྱི་རིང་ལུགས་ དབུ་འཛུགས་གནང་སྟེ་ འཕགས་པའི་དགེ་འདུན་གྱི་སྡེ་ལས་ སྲིད་སྐྱོང་གི་རིང་ལུགས་ ལོགས་སུ་སྦེ་ཁག་དབྱེ་ཞིནམ་ལས་ འགོ་གནས་ཀྱི་རིམ་པ་ཚུ་ཡང་ བཟོ་གནང་སྟེ་ གོ་གནས་དང་བསྟུན་པའི་ བཀབ་ནེ་དང་ དཔའ་རྟགས་ཀྱི་ཐོབ་ཐངས་རིམ་པ་ཚུ་ཡང་ འཛམ་གླིང་ནང་ ཁྱད་ཆོས་ཐུན་མོང་མ་ཡིན་པ་ཅིག་སྦེ་ མཛད་གནང་མི་དེ་ལུ་ ད་རེས་ཀྱིས་གནས་སྟངས་ནང་ ལྟ་རྟོག་གི་ ཁྲིམས་ལུགས་རེ་ཡང་ དགོཔ་སྦེ་མཐོངམ་ཨིན་པས།

བུ་ལོན་བཏབ་མ་ཚུགས་མི་སྲིད་ཚོགས་ ཤུལ་མའི་བཙག་འཐུ་ནང་ འོས་འབབ་འདུག་ག?

༢༨/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༦ ལུ་ བློན་པོ་ལྷན་ཚོགས་དང་ བརྡ་བརྒྱུད་ཚུ་གི་བར་ན་ གྲོས་འཛོམས་ཅིག་འཚོགས་པའི་སྐབས་ བློན་ཆེན་ འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གསུངས་མིའི་ནང་ བཙག་འཐུ་ལྷན་ཚོགས་གི་ གསལ་བསྒྲགས་ལྟར་དུ་ སྤྱི་ཟླ་༦ པའི་ཚེས་༣༠ ལུ་ ཚོགས་པའི་བུ་ལོན་ཚུ་ བཏབ་ཚར་དགོཔ་སྦེ་ཡོད་མི་དང་བསྟུན་ ལྡོགས་ཕྱོགས་ཚོགས་པ་གིས་ ད་ལྟོའི་བར་ན་ཡང་ བུ་ལོན་ཚུ་བཏབ་མ་ཚུགས་པར་ཡོདཔ་ལས་ ཚོགས་པ་དེ་གིས་ ཤུལ་མའི་བཙག་འཐུ་ནང་ བཅའ་མར་གཏོགས་མ་ཆོག་པའི་ གྲོས་ཆོད་བཏོན་དགོཔ་འདུག་ཟེར་གསུངས་ཡི།

རྫོང་ཁག་༤ ལས་ སྡེ་ཚན་༨ ཀྱིས་ ནོག་ཨ་འུཊ་རྩེད་འགྲན་ནང་ ལྷོད་ཡོདཔ།

མདའ་རྩེད་འགྲན་བསྡུར་འབད་བའི་བསྒང་།
 ༢༨/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༡༦ ལས་ རྫོང་ཁག་༡༠ ནང་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་ འགོ་བཙུགས་ཏེ་ ད་ཚུན་ རྫོང་ཁག་༤ ལས་ སྡེ་ཚན་༨ ཀྱིས་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ འབའ་སྐྱོར་རྩེད་ཐང་ནང་ ནོག་ཨ་འུཊ་རྩེད་འགྲན་འབད་ནི་གི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།

གནོད་པ་ཉུང་སུའི་ཐོག་ལས་ ཤིང་ཆས་བཏོན་ནིའི་སྦྱོང་བརྡར།

༢༨/༠༧/༢༠༡༢། ༉ བུམ་ཐང་ བླ་མའི་དགོན་པ་ལུ་ ཨོ་རྒྱན་དབང་ཕྱུག་ རང་བཞིན་གནས་སྟངས་ཉམས་སྲུང་སློབ་སྤྱོང་སྤེལ་ཁང་ནང་སྦེ་ ནགས་ཚལ་ལུ་ གནོད་པ་ཉུང་བའི་སྒོ་ལས་ ཤིང་ཆས་ཚུ་ ནགས་ཚལ་ནང་ལས་ ག་དེ་སྦེ་ བཏོན་ནི་ཨིན་ནའི་ སྦྱོང་བརྡར་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་བསྒང་ ཡོདཔ་ཨིན་པས།

དབང་འདུས་དང་ རྩི་རང་གི་གཞུང་ལམ་ཁར་ ཟམ་༤ འགོ་འབྱེད།

༢༨/༠༧/༢༠༡༢། ༉ དབང་འདུས་ཕོ་བྲང་དང་ རྩི་རང་གི་ གཞུང་ལམ་བདའ་སྟེ་ ཟམ་གསརཔ་༤ བཟོ་སྐྲུན་འབད་མི་དེ་ ཁ་ཙ་ ཞབས་ཏོག་བློན་པོ་ ཡེ་ཤེས་སྦྱིན་པ་གིས་ སྒོ་འབྱེད་གནངམ་དང་འབྲེལ་ སྣུམ་འཁོར་ཚུ་ཡང་ ལམ་འགྲུལ་འབད་ནི་འགོ་བཙུགས་ཅི།

གནས་ཚུལ་མདོར་བསྡུས།


༢༧/༠༧/༢༠༡༢། ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བསྟན་སྐྱོང་གླིང་དྲག་པོའི་དམག་སྦྱོང་ལྟེ་བ་ལུ་སྦེ་ ཤར་དར་བརྒྱད་ཀྱི་ མི་སེར་ཚུ་ལུ་ ལྟོ་ཁ་གནང་པའི་སྐབས་ དྲག་པོའི་འགོ་དཔོན་ཚུ་གི་ གནས་ཚང་ཚུ་གིས་ མི་དབང་མཆོག་ལུ་ ཚོགས་ཆང་དྲངས་ཡི། མི་དབང་མཆོག་ སའི་སྐྱིད་སྡུག་གནང་ནིའི་དོན་ལུ་ ད་རེས་ དབང་འདུས་ཕོ་བྲང་ལུ་ བཞུགས་ཡོདཔ་ཨིན།

དབང་འདུས་ཀྱི་ མི་སེར་ཚུ་ལུ་ ས་ཆའི་སྐྱིད་སྡུག་གནང་ཡོདཔ།

ས་ཐེབས་ཐོན་མི་ཚུ་གི་ ས་རིན་ཚུ་ཡང་ གཞུང་ལུ་ ཕུལ་མ་དགོ་པའི་ དགོངས་ཡངས་གནང་ཡི།
 
༢༧/༠༧/༢༠༡༢།༉ འབྲུག་རྒྱལ་ཁབ་ནང་ ས་ཆ་དང་འབྲེལ་བའི་ ལེགས་བསྒྱུར་རྒྱ་ཆེཝ་སྦེ་ གནང་བཞིན་དུ་ཡོད་མི་དང་བསྟུན་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་ཤོག་ཅིག་ གནང་ཐོག་ལས་ དབང་འདུས་ཕོ་བྲང་ཤར་དར་བརྒྱད་ཀྱི་ རྒེད་འོག་༡༥ ནང་ ས་ཁྲམ་འཆང་མི་༨,༡༥༠ གི་དོན་ལུ་ ཆུ་ཞིང་ལེབ་གྲངས་ཐེབས་ཐོན་མི་ ཨེ་ཀར་༤,༨༥༧ དང་ སྐམ་ཞིང་ཨེ་ཀར་༢༧༥༣ འབདཝ་ད་ བསྡོམས་ཀྱིས་ ས་ཆ་ཨེ་ཀར་༧,༦༡༠ སྐྱིད་སྡུག་སྦེ་གནང་ཡི།

དབུས་ཕྱོགས་ལུ་ གཞུང་ལམ་ལེ་ཤ་ཅིག་ར་ བསུབས་ཏེ་ཡོདཔ།

ཀྲོང་གསར་མཐོ་མ་བྲག་ལུ་ ས་རུད་ཆད་དེ་ ལམ་བསུབས་ཡོད་པའི་མཐོང་སྣང་།
 ༢༧/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༤ གི་ནུབ་མོ་ ཆརཔ་ཤུགས་སྦེ་ རྐྱབ་མི་ལུ་བརྟེན་ གཞལམ་སྒང་གི་ས་གནས་ དབང་འདུས་སྒང་དང་ ཏིང་ཏི་སྦིས་བར་ནའི་ གཞུང་ལམ་ཚུ་ ས་རུད་ཀྱིས་ བསུབས་ཡོདཔ་ལས་ ལམ་བསལ་ནིའི་དོན་ལུ་ བདུན་ཕྲག་༡ དང་༢ དེ་ཅིག་ འགོར་ནི་ཨིན་པས།

གནས་སྐབས་ཅིག་ ཨ་སམ་བརྒྱུད་དེ་ འགྲོ་འགྲུལ་འབད་མ་ཆོགཔ།

 ༢༧/༠༧/༢༠༡༢། ༉ ཕུན་ཚོགས་གླིང་ལས་ བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ཁ་ཐུག་ལུ་ རྒྱུན་འགྲུལ་འཐབ་མི་ འབྲུག་པའི་སྣུམ་འཁོར་ཚུ་ སྤྱི་ཟླ་༦ པའི་ཚེས་༢༤ ལུ་ རྒྱ་གར་ཨ་སམ་དང་ བེང་གཱོལ་མངའ་སྡེའི་ས་མཚམས་ ཤྲི་རམ་པུར་ལུ་ལྷོདཔ་ད་ ཨ་སམ་ལུ་ འཛུལ་ནི་ལས་ བཀག་ཆ་འབད་བའི་ཤུལ་ལུ་ ལོག་སྟེ་ར་ ཕུན་ཚོགས་གླིང་ལུ་ འོང་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ སྐྱ་ནམ་གནས་གོང་འཕར་ཆ་བརྒྱ་ཆ་༡༣.༥ ལུ་ལྷོད་ཡོདཔ།

 ༢༧/༠༧/༢༠༡༢། ༉ རྒྱལ་ཡོངས་གནས་སྡུད་ལས་ཁང་གིས་ སྤྱི་ཟླ་༤ པ་ལས་༦ པ་ཚུན་གི་ སྐྱ་ནམ་གནས་གོང་འཕར་ཚད་ཀྱི་ གྲུབ་འབྲས་སྙན་ཞུ་དང་འཁྲིལཝ་ད་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༡༣.༥༣ གྱིས་ ཡར་སེང་སོང་ཡོད་མི་དེ་ སྤྱི་ལོ་༢༠༠༣ ལས་ད་ཚུན་གྱི་བར་ན་ ཡར་འཕར་འགྱོ་མིའི་ཚད་གཞི་ མཐོ་ཤོས་ཅིག་ཨིན་པས།

རྟ་བཙོང་མི་ དོགས་ཅན་ཕོ་སྐྱེས་ཅིག་ འཛིན་བཟུང་འབད་ཡོདཔ།

 ༢༧/༠༧/༢༠༡༢། ༉ འཕྲལ་ཁམས་ཅིག་ཁར་ བུམ་ཐང་ཁྲིམས་སྲུང་འགག་པ་གིས་ ཆུ་སྨད་རྒེད་འོག་ དོམ་མཁར་གཡུས་ཚན་ལས་ ཕོ་སྐྱེས་ཅིག་གིས་ ཁོ་རའི་རྟ་༡ བྱང་སྟོར་ཤོར་ཡོད་མི་དེ་ ཁོ་རའི་གཡུས་ཁ་ལས་ རྟའི་ཚོང་འབྲེལ་འཐབ་མི་ ཕོ་སྐྱེས་ཅིག་གིས་ དགེ་ལེགས་ཕུག་ སུ་རེ་ལུ་ བཙོང་ཡོད་པའི་ དོགས་པ་ཡོདཔ་སྦེ་ སྙན་ཞུ་འབད་བའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

སེམས་རྟོགས་ཁ་རྫོང་ནང་ སྨོན་ལམ་ཆེན་མོ་ འགོ་བཙུགས་ཡོདཔ།

སེམས་རྟོགས་ཁ་བཤད་གྲྭའི་ དགེ་སློང་ཚུ་གིས་ སྨོན་ལམ་ཆེན་མོ་ འཚོགས་གནང་པའི་བསྒང་།
 ༢༧/༠༧/༢༠༡༢། ༉ ཁ་ཙ་ལས་ སེམས་རྟོགས་ཁ་རྫོང་ནང་ འགོ་བཙུགས་མི་ སྨོན་ལམ་ཆེན་མོ་དེ་ རང་ཟླ་༦ པའི་ཚེས་༡༥ ལུ་ མཇུག་བསྡུ་ནི་ཨིན་པས།
དེ་ཡང་ གཞུང་གྲྭ་ཚང་གི་ སློབ་དཔོན་༥ པོ་གིས་ སྐོར་རྒྱབ་ཐོག་ལས་ དབུ་བཞུགས་གནང་སྟེ་ སེམས་རྟོགས་ཁ་བཤད་གྲྭའི་ དགེ་སློང་ཚུ་གིས་ སྨོན་ལམ་ཆེན་མོ་ འཚོགས་གནང་ནི་ཨིན་པས།

གློག་མེའི་བཟོ་རིག་གི་ ཤེས་ཚད་ མཐར་འཁྱོལ་མི་ཚུ་ལུ་ ལཱ་གཡོག་གི་ གོ་སྐབས་ཉུང་སུ།

༢༧/༠༧/༢༠༡༢། ༉ སྐྱེས་ལོ་༢༣ འབད་མི་ མ་ནུ་རུ་པ་ པར་དཱན་གྱིས་ འདས་པའི་ སྤྱི་ཟླ་༦ པའི་ནང་ གློག་མེའི་བཟོ་རིག་ནང་ ཚན་རིག་དང་ འཕྲུལ་རིག་མཐོ་རིམ་སློབ་གྲྭ་ནང་ལས་ མཐར་འཁྱོལ་ཏེ་ ལཱ་གཡོག་གི་དོན་ལུ་ ཚར་ག་དེ་ཅིག་ གཡོག་གི་ས་སྟོང་ཐོན་མི་ཚུ་ནང་ ཞུ་ཡིག་བཙུགས་ཡོདཔ་ཨིན་ན་ དྲན་ཚོར་འབད་མ་ཚུགས་ཨིན་པས།

རྒྱལ་པོའི་ཞིང་ལུ་ གནམ་བྱཱར་གྱི་ ཕུཊ་བཱོལ་འགྲན་བསྡུར།

ཕུཊ་བཱོལ་རྩེད་འགྲན་ འགོ་འདྲེན་འཐབ་པའི་བསྒང་།
 ༢༧/༠༧/༢༠༡༢། ༉ འབྲུག་ཕུཊ་བཱོལ་ཚོགས་པ་གིས་ འགོ་འདྲེན་ཐོག་ལས་ ད་རེས་ནངས་པ་ མོང་སྒར་རྫོང་ཁག་གི་ས་གནས་ རྒྱལ་པོའི་ཞིང་ལུ་སྦེ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ གནམ་བྱཱར་གྱི་ ཕུཊ་བཱོལ་འགྲན་བསྡུར་དེ་ སྤྱི་ཟླ་༧ པའི་ཚེས་༢༥ ལས་ འགོ་བཙུགས་ཡོདཔ་ཨིན་པས།

གསོག་འཇོག་ལུ་ སྐྱེད་ཡར་སེང་འབད་རུང་ མ་རྩ་ལུ་ཕན་ཁྱད་བྱུང་མ་ཚུགསཔ།

 ༢༧/༠༧/༢༠༡༢། ༉ འབྲུག་གི་དངུལ་ཁང་ཚུ་ནང་ མ་རྩའི་མ་དངུལ་མ་ལང་པའི་དཀའ་ངལ་གྱིས་ དངུལ་ཁང་ནང་ གསོག་འཇོག་མ་དངུལ་དགོཔ་ ཁག་ཆེ་བའི་གནས་སྟངས་ལུ་ ལྷོད་ཡོད་མི་ལུ་བརྟེན་ དངུལ་ཁང་ཚུ་གིས་ གསོག་འཇོག་ཡར་སེང་གི་དོན་ལུ་ དངུལ་ཁང་ནང་བཙུགས་མི་ཏི་རུ་ཚུ་ལུ་ སྐྱེད་ཀྱི་ཚད་གཞི་ཡར་སེང་འབད་རུང་ ལྷན་ཐབས་སྦོམ་ཅིག་བྱུང་མ་ཚུགས་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ཨམ་སྲུ་རྫོང་བདག་ འགོ་དང་པ།


ཨམ་སྲུ་རྫོང་བདག་ འགོ་དང་པ་ ངག་དབང་པདྨ།
 ༢༧/༠༧/༢༠༡༢། ༉ སྐྱེས་ལོ་༤༢ ལང་མི་ ངག་དབང་པདྨ་དེ་ རྒྱལ་ཁབ་ནང་ ཨམ་སྲུ་རྫོང་བདག་ འགོ་དང་པ་ཨིན་པས།
དེ་ཡང་ བཀྲ་ཤིས་སྒང་ བཀང་ལུང་ལས་ཨིན་མི་ ངག་དབང་པདྨ་གིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་འོག་ལུ་ ལོ་ངོ་༢༠ མ་ལངམ་ཅིག་ ཕྱག་ཞུ་བའི་ཤུལ་ལས་ ཞི་གཡོག་གི་ ལམ་ལུགས་དང་འཁྲིལ་ཏེ་ རྫོང་བདག་གི་ མི་ངོམ་སྦེ་ གདམ་འཐུ་འབད་བའི་ཤུལ་ལས་ ཁ་ཙ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀའ་ཤོག་གནང་ཡོདཔ་ཨིན་པས།

ཆུ་བར་ཆུའི་ རོང་ཆུ་བྲེས་ཏེ་ སློབ་ཕྲུག་བུཚ་ཅིག་ འཕྱགས་བདའ་ཡོདཔ།

རོང་ཆུ་གིས་ འཕྱགས་འབག་མི་ ཨ་ལུའི་ཕུངམ་འཚོལ་བའི་བསྒང་།
 ༢༦/༠༧/༢༠༡༢། ༉ ཁ་ཙ་ ཐིམ་ཕུ་རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ ཉེ་འདབས་ལུ་ ཆུ་བར་ཆུ་བྲེས་མི་གིས་ འཇིགས་མེད་བློ་གསལ་སློབ་གྲྭ་ཆུང་བའི་ སློབ་རིམ་༢ པའི་སློབ་ཕྲུག་ སྐྱེས་ལོ་༨ ལང་མི་བུཚ་ཅིག་ འཕྱགས་བདའ་ཡོདཔ་ཨིན་པས།
ད་ལྟོ་ འཚོལ་མ་ཐོབ་པར་ཡོད་མི་ བུཚ་དེ་ ཁོ་རའི་ ཕོ་རྒནམ་དང་ ཆ་རོགས་གཞན་དང་གཅིག་ཁར་ སློབ་གྲྭའི་དུས་ཚོད་མཇུག་བསྡུ་སྟེ་ ཕྱི་རུའི་ཆུ་ཚོད་༤ ལས་༤ དང་སྐར་མ་༣༠ དེ་ཅིག་ཁར་ ཁྱིམ་ནང་འགྱོ་བའི་སྐབས་ ཆུ་བར་ཆུའི་རྐང་ཟམ་ བརྒལ་འགྱོཝ་ད་ རྐྱེན་ངན་བྱུང་ཡོདཔ་ཨིན་པས།

སྤྲོ་བ་གློག་བརྙན་ཁང་གི་ ས་ཆ་གླ་ཁར་ སྤྲོད་མིའི་གླ་འཐུས་ཡར་སེང་ལུ་ ཤེས་རྟོགས་མེདཔ།

 གློག་བརྙན་ཁང་གི་ ཇོ་བདག་གིས་ ས་ཆ་གླར་སྤྱོད་ཀྱི་འཐུས་ དངུལ་ཀྲམ་ས་ཡ་༥.༢ མ་སྤྲོད་པར་ བཞག་མི་ལུ་བརྟེན་ རྩོད་རྙོགས་ཐོན་ཡོདཔ།
སྤྲོ་བ་གློག་བརྙན་ཁང་།
 ༢༦/༠༧/༢༠༡༢། ༉ ཐིམ་ཕུ་ལྕང་ཇི་ཇི་ལུ་ སྤྲོ་བ་གློག་བརྙན་ཁང་གི་ ཇོ་བདག་ལུ་ ས་ཆ་ཕིཊ་གྲུ་བཞི་༡༩,༥༠༠ གླར་སྤྱོད་ཀྱི་དོན་ལུ་ གླ་འཐུས་ཕིཊ་གྲུ་བཞི་རེ་ལུ་ དངུལ་ཀྲམ་༢ ལས་༤༢ ལུ་ གཞུང་གིས་ གཞི་ག་ཅི་ལུ་བཞག་སྟེ་ ཡར་སེང་འབད་ཡོདཔ་ཨིན་ན་ ད་ལྟོའི་བར་ན་ཡང་ ཧིང་སངས་ས་ཅིག་མེདཔ་ཨིན་པས།
གཞུང་ས་དེ་ ཞབས་ཏོག་བློན་པོ་བགྲེསཔ་ ཀུན་བཟང་རྡོ་རྗེའི་སྐབས་ལུ་ གླ་ཁར་སྤྲོད་ཡོདཔ་བཞིན་དུ་ གནད་དོན་ཚུ་ གསལ་བཀོད་འབད་ཡོད་པའི་ ཡིག་ཆ་ཚུ་ ཞབས་ཏོག་ལྷན་ཁག་གི་ རྒྱུན་སྐྱོང་འབད་དེ་ཡོདཔ་ཨིན་རུང་ ས་ཆ་གླར་སྤྱོད་ཀྱི་ སྤྲོད་ལེན་གན་རྒྱ་དེ་ ལོ་ངོ་༡༠ དེ་ཅིག་གི་ཧེ་མར་ བཟོ་ཡོདཔ་ལས་ ག་དེ་སྦེ་ ཡར་སོཔ་ཨིན་ན་ ཁོ་གིས་ དཔྱད་རིག་བཏང་མི་ཚུགས་པས་ཟེར་ བློན་པོ་བགྲེསཔ་ ཀུན་བཟང་རྡོ་རྗེ་གིས་ བཤདཔ་ཨིན་པས།

ས་གཏེར་གོང་འཕེལ་ སྲིད་བྱུས་དེ་ ཚོགས་ཆུང་གིས་ དབྱེ་ཞིབ་འབད་ཡོདཔ།

དེ་ཡང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་འོག་གི་ དབྱེ་ཞིབ་ཚོགས་ཆུང་ཅིག་གིས་ འདས་པའི་བདུན་ཕྲག་ནང་ དབྱེ་ཞིབ་འབད་དེ་ གྲུབ་འབྲས་ཚུ་ བདུན་ཕྲག་འདི་གི་ རེས་གཟའ་སྤེན་པ་ལུ་ གསལ་སྟོན་འབད་ནི་གི་རེ་བ་ཡོདཔ་ཨིན་པས། 
 
༢༦/༠༧/༢༠༡༢། ༉ ས་གཏེར་གོང་འཕེལ་སྲིད་བྱུས་དེ་ལུ་ བསྟན་རྒྱས་ལྷན་ཁག་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་གཉིས་ ཞལ་འཆམ་བྱུང་མ་ཚུགས་པར་ ལོ་༢ དེ་ཅིག་ལུས་པའི་ཤུལ་ལུ་ ད་རེས་འབདཝ་ད་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་འོག་གི་ ཚོགས་ཆུང་གིས་ དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དང་འཁྲིལ་ཏེ་ ཡོད་མེད་ཀྱི་ དབྱེ་ཞིབ་འབད་ཡོདཔ་ཨིན་པས།

ཕྱགས་སྙིགས་བསྡུ་ལེན་འབད་མི་དང་ བཀོ་སའི་ས་གོ་ མེད་པའི་དཀའ་ངལ།

ཕྱགས་སྙིགས་ལས་ཐོན་པའི་ དྲི་ངན་དང་ སྦྱངམ་ཚུ་གིས་འབད་མ་ཚུགས་པར་ བཞེས་སྒོ་བཟའ་བའི་སྐབས་ ཨ་རྟག་ར་ སྒོ་སྒྲིག་དང་ སྒོ་ཚུ་བསྡམས་ཏེ་ བཟའ་དགོཔ་ཐོནམ་མས་ཟེར་ ཨྱོན་ཆོས་སྒྲོན་གྱིས་ སླབ་ཨིན་པས།
འཕྲིན་ལས་སྒང་གི་ ཉེ་འདབས་ལུ་ དབང་འདུས་དང་ ཐིམ་ཕུའི་གཞུང་ལམ་འོག་ལུ་ བཀོག་བཞག་མི་ ཕྱགས་སྙིགས་ཚུ།
  ༢༦/༠༧/༢༠༡༢། ༉ སྤུ་ན་ཁ་ལུ་ ཕྱགས་སྙིགས་འཛིན་སྐྱོང་འབད་མ་ཚུགས་པའི་ དཀའ་ངལ་བྱུང་མི་དེ་ཡང་ འཕྲིན་ལས་སྒང་དང་ ལོད་སྦིས་ས་ལུ་ ཕྱགས་སྙིགས་བསྡུ་ལེན་འབད་མི་དང་ བཀོ་སའི་ས་གོ་མེདཔ་ལས་ མི་ཚུ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོ་དོ་ཡོད་མི་ལུ་བརྟེན་ཏེ་ཨིན་པས།

ལྟོ་ཕོགས་ཡར་སེང་འབད་མི་ལུ་བརྟེན་ བཞེས་སྒོའི་ཐོ་སྒྱུར་བཅོས་འབད་ཡོདཔ།

ཁོ་རའི་ ཁྱིམ་ནང་བཟའ་མི་ བཞེས་སྒོ་དང་ཕྱདཔ་ད་ སློབ་གྲྭ་ནང་ལས་ཐོབ་མི་ བཞེས་སྒོ་དེ་ སྤུས་ཚད་དྲག་པས་ཟེར་ སློབ་རིམ་༡༢ པའི་སློབ་ཕྲུག་ ལུང་བསྟན་ཚེ་རིང་གིས་ སླབ་ཨིན་པས། 
ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མ།
 ༢༦/༠༧/༢༠༡༢། ༉ བསམ་གྲུབ་ལྗོངས་མཁར་ ཨོ་རོང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་ཕྲུག་གི་ལྟོ་ཕོགས་ དངུལ་ཀྲམ་༧༠༠ ལས་༡,༠༠༠ ལུ་ ཡར་སེང་འབད་མི་ལུ་བརྟེན་ བཞེས་སྒོའི་ཐོ་སྒྱུར་བཅོས་འབད་ཡོདཔ་ཨིན་པས།

སྤ་ཆུ་བྲེས་མི་ལུ་བརྟེན་ གནམ་གྲུ་ཆགས་ནིའི་དུས་ཚོད་ ཕྱིས་ཡོདཔ།སྤ་ཆུ་བྲེས་མི་གིས་ གནམ་གྲུའི་འཕུར་འགྲུལ་ལུ་ བར་ཆད་རྐྱབ་པའི་མཐོང་སྣང་།

སྤ་ཆུ་བྲེས་མི་གིས་ གནམ་གྲུའི་འཕུར་འགྲུལ་ལུ་ བར་ཆད་རྐྱབ་པའི་མཐོང་སྣང་།
 ༢༦/༠༧/༢༠༡༢། ༉ སྤྱི་ཟླ་༧ པའི་ཚེས་༢༤ གི་ཕྱི་རུ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ སྤ་ཆུ་བྲེས་ཏེ་ སྤ་རོ་གནམ་ཐང་ནང་འཛུལ་སའི་ འཛུལ་སྒོ་ལུ་ ཆུ་རུད་ཐོན་མི་ལུ་བརྟེན་ ཁ་ཙ་དྲོ་པ་ སྣུམ་འཁོར་ཚུ་ འགྲུལ་སྐྱོད་འབད་ནི་ལུ་ དཀའ་ངལ་བྱུང་ཡོདཔ་མ་ཚད་ གནམ་གྲུ་ཆགས་ནིའི་ དུས་ཚོད་ཡང་ ཕྱིས་ཡོདཔ་ཨིན་པས།

མུ་ཏིག་ཐང་སློབ་གྲྭའི་ སྒོ་སྒྲིག་༡༦ གི་ཤེལ་ བཅག་དཀྲུམས་འབད་ཡོདཔ།

སྒོ་སྒྲིག་༡༦ གི་ཤེལ་ བཅག་དཀྲུམས་བཏང་མི་ མུ་ཏིག་ཐང་ འབྲིང་རིམ་སློབ་གྲྭ་གོང་མ།
 ༢༦/༠༧/༢༠༡༢། ༉ མུ་ཏིག་ཐང་ འབྲིང་རིམ་སློབ་གྲྭ་གོང་མའི་ནང་ བུཚ་༡ གིས་ རྡོ་བཀོག་ཐོག་ལས་ སློབ་ཁང་གི་སྒོ་སྒྲིག་༡༦ གི་ ཤེལ་བཅག་དཀྲུམས་འབད་མི་ལུ་བརྟེན་ སློབ་གྲྭའི་བདག་སྐྱོང་དང་ སློབ་ཕྲུག་ཚུ་ ཤེལ་ཚབ་ག་གིས་ བཙུག་འོང་ག་ཟེར་བའི་ ཚ་གྱང་ལང་དོ་ཡོདཔ་ཨིན་པས།
ད་རེས་ནངས་པར་ གནམ་བྱཱར་ཆརཔ་རྐྱབ་ནིའི་དུས་ཚོད་ཨིནམ་ལས་བརྟེན་ ཆརཔ་རྐྱབ་པའི་སྐབས་ ཆར་ཤུགས་ཀྱི་སྐད་ཀྱིས་སྦེ་ སློབ་རིམ་༩ པའི་སློབ་ཕྲུག་༩༠༠ དེ་ཅིག་ སློབ་སྦྱོང་འབད་ནི་ལུ་ གནོད་དོ་ཡོདཔ་མ་ཚད་ རླུང་ཆརཔ་རྐྱབ་ད་ ཀི་དེབ་ཚུ་ཡང་མེདཔ་བཏངམ་མས་ཟེར་ཨིན་པས།

སློབ་ཕྲུག་བུཚ་གི་ཕུངམ་ ཉིན་གྲངས་༦ གི་ཤུལ་ལས་ཐོབ་ཡོདཔ།

༢༦/༠༧/༢༠༡༢། ༉ མོང་སྒར་ཀུར་རི་ཆུ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་རིམ་༨ པའི་ སློབ་ཕྲུག་བུཚ་ཅིག་ ཀུར་རི་ཆུ་གིས་ འཕྱགས་འབག་སྟེ་ བདུན་ཕྲག་༡ དེ་ཅིག་གི་རྒྱབ་ལས་ ཕུངམ་འཚོལ་ཐོབ་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ འཕྱགས་འབག་མི་ སློབ་ཕྲུག་བུཚ་དེ་ སྐྱེས་ལོ་༡༥ ལང་མིའི་ཕུངམ་དེ་ ཁ་ཙ་ ཉིན་མའི་ཆུ་ཚོད་ ཕྱེད་དང་༡༢ དེ་ཅིག་ལུ་ རྒྱལ་པོའི་ཞིང་ཁྲིམས་སྲུང་འགག་པ་དང་ ཚེ་འདས་ཀྱི་ནང་མི་ དེ་ལས་ ས་གནས་ཀྱི་ ཞི་གཡོགཔ་ དེ་ལས་ མི་སེར་ཚུ་གིས་ ཆུ་ནང་ལས་ བཏོན་ཡོདཔ་ཨིན་པས།

སྤ་རོ་ཤར་པའི་ མི་སེར་ཚུ་ ས་ཚབ་མ་ཐོབ་པར་ དབུགས་འགམ་ཡོདཔ།

སྒེར་དབང་ས་ཆ་ གཞུང་ལམ་རྒྱ་བསྐྱེད་ནང་ ཚུད་མི་ཚུ་གི་དོན་ལས་ ས་ཚབ་ངོས་འཛིན་འབད་ཡོད་རུང་ ས་ཆ་ལྷན་ཚོགས་ལས་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
 
༢༥/༠༧/༢༠༡༢། ༉ སྤྱི་ལོ་༢༠༠༦ ལས་ ཆུ་འཛོམས་དང་ སྤ་རོ་བོང་སྡེའི་བར་ན་ གཞུང་ལམ་རྒྱ་བསྐྱེད་འབད་བའི་སྐབས་ འཁོར་ལམ་གྱི་ གཡས་གཡོན་ལས་ སྒེར་དབང་ས་ཆ་ལེ་ཤ་ཅིག་ གཞུང་བཞེས་འབད་དེ་ ཧ་ལམ་ལོ་ངོ་༦ ལང་ཡོད་རུང་ མི་སེར་ཚུ་གིས་ ག་ལྟོའི་བར་ན་ཡང་ ས་ཚབ་མ་ཐོབ་པར་ཡོདཔ་ཨིན་པས།
སྒེར་ས་གཞུང་བཞེས་འབད་བའི་སྐབས་ སྒེར་ས་སྟོངམ་དང་ བཟའ་སྤྱོད་འབད་བའི་ས་ཆ་ ལེ་ཤ་ཅིག་ར་ མེདཔ་བཏང་དགོཔ་ཐོན་ཡོད་མི་དང་འཁྲིལ་ མི་སེར་ཚུ་ལུ་ ཤིང་ཐོག་གི་ རྒུད་འཐུས་ཚུ་མ་གཏོགས་ ས་ཚབ་མ་ཐོབ་ཟེར་ ཉམས་རྒུད་པ་ཚུ་གིས་ སླབ་ཨིན་པས།

ཡར་རྒྱས་འགྱོ་བའི་བསྒང་གི་རྒྱལ་ཁབ་ཀྱི་དོན་ལུ་ རྒྱལ་སྤྱི་ཁྲལ་གྱི་གྲོས་འཆར།

༢༥/༠༧/༢༠༡༢། ༉ འཛམ་གླིང་རྒྱལ་ཁབ་ནང་ དངུལ་འབྲེལ་ལུ་བརྟེན་པའི་དཀའ་ངལ་ཚུ་ བྱུང་དང་འབྱུང་བཞིན་དུ་ཡོདཔ་ལས་ དེ་ལུགས་ཀྱི་དཀའ་ངལ་བསལ་ཐབས་ཀྱི་ ཐབས་བྱུས་བཏོན་དགོཔ་དེ་ གནད་འགག་ཅན་ཅིག་ལུ་ལྷོད་ཡོདཔ་ཨིན་པས།
དེ་ཡང་ གྲོགས་རམ་བྱིན་མི་རྒྱལ་ཁབ་ཚུ་གིས་ གནས་སྟངས་ཉམས་ཉེན་གྱི་དུས་ཚོད་ཁར་ འཛམ་གླིང་སྤྱི་ཚོགས་ཀྱིས་ ལོ་རེའི་ནང་ མ་དངུལ་ཌོ་ལར་དུང་ཕྱུར་༤༠༠ དེ་རེ་ བསྡུ་ལེན་འབད་ནིའི་དོན་ལུ་ རྒྱལ་སྤྱིའི་ ཁྲལ་གྱི་ཐབས་ལམ་གསརཔ་ཅིག་གི་ གྲོས་འཆར་བཙུགས་ཡོདཔ་ཨིན་པས།

གསོ་བའི་མཐོ་རིམ་སློབ་གྲྭ་ སྤྱི་ལོ་༢༠༡༣ གྱི་ལོ་ཕྱེད་ལས་ སྒོ་ཕྱེ་ནི།

ཐིམ་ཕུ་ འཇིགས་མེད་རྡེ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་།
༢༥/༠༧/༢༠༡༢། ༉ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ནདཔ་བཞག་ཁང་ཚུ་ སློབ་སྟོན་སྨན་ཁང་ཅིག་ལུ་ བསྒྱུར་བཅོས་འབད་ནིའི་དོན་ལུ་ ལེགས་བཅོས་ཀྱི་ལཱ་ལུ་ ཤུགས་ལང་པའི་བསྒང་ཡོད་རུང་ འབྲུག་གི་གསོ་བའི་མཐོ་རིམ་སློབ་གྲྭ་དང་པའི་ སློབ་སྟོན་འབད་ནི་ཚུ་ སང་ཕོད་སྤྱི་ཟླ་༧ པའི་ནང་ལས་རྐྱངམ་གཅིག་ འགོ་བཙུག་ནི་ཨིནམ་ལས་ འཆར་གཞི་བརྩམས་མི་ལས་ ལོ་༡ གིས་ ཕྱིས་ནི་ཨིན་པས།

བྱང་ཆུབ་མཆོད་རྟེན་ གསར་བསྒྲུབས་ཀྱི་བཀྲིས་རབ་གནས།

ཆུ་༣ དང་ ས་གྲུ་༣ འཛོམས་པའི་སྦུག་ལུ་ གསར་བཞེངས་འབད་མི་ མཁོ་མ་དུར་ཁྲོད།
༢༥/༠༧/༢༠༡༢། ༉ རང་ཟླ་༦ པའི་ཚེས་༤ ལུ་ སྟོན་པ་སངས་རྒྱས་ཀྱིས་ ཆོས་འཁོར་བསྐོར་བའི་དུས་ཆེན་ཁྱད་པར་ཅན་གྱི་ ཉིནམ་དང་འབྲེལ་ ཀུར་སྟོད་སེང་གེ་རྫོང་དང་ མོང་སྒར་ ཨ་བརྒྱ་གནས་ དེ་ལས་ བལ་ཡུལ་མཁན་པ་ལྗོངས་ཀྱི་ ཆུ་༣ དང་ ས་གྲུ་༣ འཛོམས་པའི་ ཡོངས་གྲགས་ཅན་གྱི་ མཁོ་མ་དུར་ཁྲོད་ཀྱི་ ཉེ་འདབས་ལུ་ སྤྱིར་འཛམ་གླིང་དང་ ལྷག་པར་དུ་ འབྲུག་རྒྱལ་ཁབ་ཀྱི་ བདེ་སྲུང་ལུ་དམིགས་ཏེ་ བྱང་ཆུབ་མཆོད་རྟེན་ཅིག་ གསར་བསྒྲུབས་འབད་མིའི་ བཀྲིས་རབ་གནས་ གནང་ཡོདཔ་ཨིན་པས།

མིག་གློག་བརྙན་ཁང་དེ་ བརྡལ་བཤིག་གཏང་ནི།

སྤྱི་ལོ་༡༩༦༤ ལུ་ འགོ་བཙུགས་མི་ མིག་གློག་བརྙན་ཁང་དེ་ བརྡལ་བཤིག་གཏང་པའི་ཤུལ་ལུ་ ལོག་ལག་ལེན་འཐབ་ནིའི་ འཆར་གཞི་མེད་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

བརྡལ་བཤིག་གཏང་ནི་ཨིན་མི་ མིག་གློག་བརྙན་ཁང་།
༢༥/༠༧/༢༠༡༢། ༉ ཕུན་ཚོགས་གླིང་ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལ་བ་ཅིན་ ཕུན་ཚོགས་གླིང་ལུ་ ད་ལྟོ་ཡོད་མི་ མིག་གློག་བརྙན་ཁང་དེ་ བརྡལ་བཤིག་གཏང་ནི་ཨིནམ་ལས་བརྟེན་ ད་ལས་ཕར་ གློག་བརྙན་ཁང་མེད་པར་ བཞག་ནིའི་གྲོས་འཆར་དེ་ལུ་ ཁྲོམ་སྡེ་གིས་ ཆ་འཇོག་འབད་ཡོདཔ་ཨིན་པས།

རྒྱལ་ཁབ་ནང་ ཁྱབ་ཚད་ཅན་གྱི་ འཐུང་ཆུ་མེད་པའི་དཀའ་ངལ་ངོས་འཛིན།

འཐུང་ཆུ་ ལང་མ་ཚུགས་པར་ལུས་མི་ ཆུའི་ཀ་ལི།
༢༥/༠༧/༢༠༡༢། ༉ གསོ་བའི་ལྷན་ཁག་གིས་ སྤྱི་ལོ་༢༠༡༡ གི་ རྒྱལ་ཁབ་ནང་ འཐུང་ཆུའི་ཁྱབ་ཚད་དང་འབྲེལ་བའི་ ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ རྫོང་ཁག་༢༠ འི་ནང་ འཐུང་ཆུའི་དཀའ་ངལ་ཚུ་ ཐོན་བཞིན་དུ་ར་ཡོད་པའི་གསལ་སྟོན་བྱུང་ཡོདཔ་ཨིན་པས།
དེ་ཡང་ འཐུང་ཆུའི་རྐ་ རྩ་བརྟན་ལས་ར་མེད་པའི་གཡུས་ཚན་༦༤ གི་ ཁྱིམ་གུང་༩༤༦ དང་ གཙུག་སྡེ་༥ དང་ གཡུས་ཚན་༣༦ ནང་ ཁྱིམ་གུང་༡,༠༤༧ དང་ གཙུག་སྡེ་༡༢ ལུ་ འཐུང་ཆུ་ལངམ་སྦེ་ མེད་པའི་སྙན་ཞུ་ཚུ་ཡོདཔ་ཨིན་པས།

བཞེས་སྒོའི་ཡུན་བརྟན་ཉེན་སྲུང་དང་ གནས་ཚད་ཡར་དྲག་གཏང་ནི།

༢༥/༠༧/༢༠༡༢། ༉ འབྲུག་སོ་ནམ་དང་བཟའ་སྤྱོད་ཁྲིམས་དོན་དབང་འཛིན་གྱིས་ རྒྱལ་སྤྱི་སོ་ནམ་དང་བཟའ་སྤྱོད་འདུས་ཚོགས་ཀྱི་ མཉམ་འབྲེལ་ཞལ་འཛོམས་འགོ་འདྲེན་འཐབ་པའི་སྐབས་ བཞེས་སྒོའི་ཡུན་བརྟན་ཉེན་སྲུང་དང་ གནས་ཚད་ཡར་དྲག་གཏང་ནིའི་དོན་ལུ་ ལོ་༢ ལྷགཔ་ཅིག་གི་ ལས་འགུལ་ཅིག་ གཞི་བཙུགས་འབད་ཡོདཔ་ཨིན་པས།

རི་བོ་ཏ་ལ་ལས་ ལམ་ཐལ་ཡོད་རུང་ ལམ་འགྲུལ་འབད་མི་ཚུ་ལུ་ གནོད་ཉེན་ཡོདཔ།

༢༤/༧/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༢༡ ལས་ཚུར་ དགེ་ལེགས་ཕུག་དང་ ཀྲོང་གསར་གྱི་ གཞུང་ལམ་དེ་ ས་གནས་རི་བོ་ཏ་ལ་ལུ་ རྡོ་སྦོམ་ཚུ་དང་ རག་རོ་ཚུ་གིས་ ལམ་བསུབས་མི་ཚུ་ ཁ་ཙ་ཕྱི་རུ་ལས་ བསལ་ཚར་ཡོདཔ་ཨིན་པས།
ས་རྐོ་འཕྲུལ་ཆས་ཀྱིས་ འཁོར་ལམ་བསུབས་མི་ཚུ་ བསལ་བའི་བསྒང་།

རི་བོ་ཏ་ལ་ལུ་ ལམ་མ་ཐལ་བར་ ཁུར་ཆ་འབག་སྟེ་ རྐང་ཐང་འགྱོ་མི་ཚུ།

འབྲུག་འདི་ ཕྱིའི་མ་རྩ་བཙུགས་མི་ ཉུང་ཤོས་ཀྱི་གྲངས་སུ་ཨིནམ།

༢༤/༧/༢༠༡༢   དུས་ཅི་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་ནང་ རྒྱ་གར་གྱི་ རུ་པིའི་གནས་གོང་ མར་བབས་འགྱོ་མི་ལུ་བརྟེན་ ཕྱིའི་མ་རྩ་བཙུགས་མི་ མར་འབབ་འགྱོ་ནིའི་ འོས་འབབ་ཡོདཔ་ཨིན་པས།

༉ འཛམ་གླིང་སྤྱི་ཚོགས་ཀྱིས་ འཕྲལ་ཁམས་གསར་སྟོན་འབད་མི་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ སྙན་ཞུ་༢༠༡༢ ཅན་མ་དང་འཁྲིལཝ་ད་ ལྷོ་ཨེ་ཤི་ཡའི་ ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ལས་ འབྲུག་དང་ ནེ་པཱལ་ ཨཱཕ་ག་ནིས་ཏཱན་ཚུ་ནང་ ཕྱིའི་མ་རྩ་བཙུགས་མི་ གངམ་མིན་འདུག་ཟེར་ཨིན་པས།

མཐོ་རིམ་སློབ་གྲྭ་མཐར་འཁྱོལ་མི་ཅིག་གིས་ དགེ་སློང་ནང་འཛུལ་ཡོདཔ།

༢༤/༧/༢༠༡༢   ༉ ཁ་ཙ་ བདག་ཅག་གི་སྟོན་པ་ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ ཆོས་འཁོར་དང་པོ་བསྐོར་གནང་བའི་ དུས་ཆེན་ལུ་ བཀྲིས་སྒང་ བཀང་ལུང་ཤེས་རབ་རྩེ་མཐོ་རིམ་སློབ་གྲྭ་ལས་ མཐའ་འཁོར་ཚན་རིག་དང་ ཨིང་སྐད་༢ ཆ་རའི་ནང་ མཐོ་རིམ་ཤེས་ཚད་ མཐར་འཁྱོལ་མི་ ལྷ་དབང་རྡོ་རྗེ་ ཤེར་པ་གིས་ བཀང་ལུང་ཟངས་མདོག་དཔལ་རི་ ཐུབ་བསྟན་ཆོས་འཁོར་གླིང་བཤད་གྲྭའི་ནང་ དགེ་སློང་སྦེ་ འཛུལ་ཡོདཔ་ཨིན་པས།
བཤད་གྲྭའི་དབུ་འཛིན་ ཀརྨ་རང་གྲོལ་གྱིས་ ལྷ་དབང་རྡོ་རྗེ་ ཤེར་པ་ལུ་ དགེ་སློང་གི་ན་བཟའ་ ཆ་ཚང་གནངམ་མ་ཚད་ སྐྱབས་འགྲོའི་སྡོམ་པ་ཡང་ གནང་ཡོདཔ་ཨིན་པས།

དབུ་འཛིན་ཀརྨ་རང་གྲོལ་གྱིས་ ལྷ་དབང་རྡོ་རྗེ་ ཤེར་པ་ལུ་ ཁ་དར་གནང་པའི་བསྒང་།

རྒྱ་གར་གྱི་ སྲིད་འཛིན་༡༣ པའི་རྟེན་འབྲེལ་ ནངས་པ་བརྩི་སྲུང་ཞུ་ནི།

༢༤/༧/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ རྒྱ་གར་གྱི་སྲིད་འཛིན་༡༣ པ་སྦེ་ བཙག་འཐུ་གྲུབ་མི་ པར་ནཱབ་ མུ་ཁར་ཇི་དེ་ ནངས་པ་ སྤྱི་ཚོགས་ཀྱི་ ལྷན་བཞུགས་ཁང་ནང་སྦེ་ སྲིད་འཛིན་གྱི་ གོ་གནས་གསརཔ་བཞེས་པའི་ རྟེན་འབྲེལ་བརྩི་སྲུང་ཞུ་ནི་ཨིན་པས།
སྲིད་འཛིན་སྦེ་ བཙག་འཐུ་གྲུབ་མི་ པར་ནཱབ་ མུ་ཁར་ཇི།
རྒྱ་གར་གྱི་སྲིད་བློན་ ཌོག་ཊར་མཱན་མོ་ཧཱན་སིང་དང་ ཨམ་གྱིས་ སྲིད་འཛིན་སྦེ་ བཙག་འཐུ་གྲུབ་མི་ པར་ནཱབ་ མུ་ཁར་ཇི་ལུ་ བཀྲིས་བདེ་ལེགས་ཞུ་བའི་བསྒང་།

གནས་ཚུལ་མདོར་བསྡུས།

༢༤/༧/༢༠༡༢


མོང་སྒར་ ཤེས་རབ་རལ་གྲི་འབྲིང་རིམ་སློབ་གྲྭ་གོང་མའི་སློབ་ཕྲུག་ཚུ་གིས་ ཁ་ཙ་ མོང་སྒར་ཁྲོམ་ཁར་ འཕྱག་བདར་ལས་རིམ་ནང་ བཅའ་མར་གཏོགས་པའི་བསྒང་།

མཐུན་པ་སྤུན་བཞིའི་ ཨོམ་ཚོགས་པའི་ཚོང་འབྲེལ་ ལེགས་ཤོམ་འགྱོ་དོ་ཡོདཔ།

༢༤/༧/༢༠༡༢   ༉ མོང་སྒར་རྫོང་ཁག་ སྔ་ཚང་རྒེད་འོག་ ཡ་ལྡི་ཁྲོམ་ཁར་ཡོད་པའི་ མཐུན་པ་སྤུན་བཞིའི་ཨོམ་ཚོགས་པ་གིས་ ད་རེས་ནངས་པ་ ཨོམ་གྱི་ཚོང་འབྲེལ་དེ་ ལེགས་ཤོམ་འགྱོ་དོ་ཡོདཔ་ལས་བརྟེན་ མི་སེར་སོ་ནམ་པ་ཚུ་ སེམས་དགའ་ཡོདཔ་ཨིན་པས།
ཨོམ་གྱི་ཐོན་སྐྱེད་བཟོ་ནིའི་དོན་ལུ་ ལཱ་འབད་བའི་བསྒང་།

སྣུམ་འཁོར་ཆུང་བ་ཚུ་གི་དོན་ལུ་ བཱ་ལུ་ཇོ་རའི་ཟམ་ གནོད་ཉེན་མེདཔ།

༢༤/༧/༢༠༡༢   ༉ ཕུན་ཚོགས་གླིང་དང་ དཔག་བསམ་ཁའི་བར་ན་ཡོད་མི་ བཱ་ལུ་ཇོ་ར་ རྩི་སའི་ཟམ་དེ་གི་ གཞི་རྟེན་ཀཝ་༢ མར་བརྡབས་སོང་མི་ལུ་བརྟེན་ ཟམ་གཡོ་བཏང་ཡོད་རུང་ ད་ལྟོ་ སྣུམ་འཁོར་ཆུང་བ་དང་ བར་མ་ཚུ་ དོས་མེདཔ་སྦེ་ ཕར་ཚུར་འགྲོ་འགྲུལ་འབད་བཞིན་དུ་ཡོདཔ་ལས་ ད་ཚུན་གྱི་བར་ན་ ཉེན་ཁ་ཡོདཔ་མ་མཐོང་ཟེར་ དཔག་བསམ་ཁ་ལུ་ སྡོད་མི་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ བཤདཔ་ཨིན་པས།

ཟམ་གྱི་གཞི་འགྱམ་སྒྲིང་སྒྲིང་མེད་རུང་ སྣུམ་འཁོར་ཆུང་བ་དང་ བར་མ་ཚུ་ འགྲོ་འགྲུལ་འབད་ནི་ལུ་ ཉེན་ཁ་མེད་མི་ བཱ་ལུ་ཇོ་ར་རྩི་སའི་ཟམ།

དམ་ཅན་སྡེ་ཚན་དང་ སྔོ་ལྗང་སྡེ་ཚན་གཉིས་ཀྱིས་ མཐའ་བཅད་འགྲན་བསྡུར་ནང་ལྷོད་ཡོདཔ།

༢༤/༧/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༢༢ ལུ་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ ལྟག་གི་འབའ་སྐྱོར་ནང་ དམ་ཅན་དང་ ཐིམ་ཕུ་ཡུ་ནའི་ཊེཌ་ དེ་ལས་ འོག་གི་འབའ་སྐྱོར་ནང་ སྔོ་ལྗང་སྡེ་ཚན་དང་ གཏེར་སྟོན་སྡེ་ཚན་ཚུ་གི་བར་ན་ མཐའ་བཅད་འོག་མའི་རྩེད་འགྲན་འབདཝ་ད་ དམ་ཅན་དང་ སྔོ་ལྗང་སྡེ་ཚན་གཉིས་ཀྱིས་ མཐའ་བཅད་འགྲན་བསྡུར་ནང་ ལྷོད་ཡོདཔ་ཨིན་པས།
མདའ་རྩེདཔ་ཅིག་གིས་ དགའ་ཚོར་བསྐྱེད་ཐོག་ལས་ མདའ་གི་རྟིང་བདའ་འགྱོ་བའི་བསྒང་།

བུཚ་༦ གིས་ སློབ་གྲྭའི་སྲུང་རྒྱབ་ཅིག་ བརྡུང་རྫོབ་འབད་ཡོདཔ།

༢༤/༧/༢༠༡༢   ༉ སྤྱི་ཟླ་༧ པའི་ཚེས་༡༧ ལུ་ ཐིམ་ཕུ་ མུ་ཏིག་ཐང་འབྲིང་རིམ་སློབ་གྲྭ་གོང་མིའི་ སྲུང་རྒྱབ་དེ་ བུཚ་༦ གིས་ བརྡུང་རྫོབ་འབད་ཡོདཔ་ལས་ ད་ལྟོ་ སྨན་བཅོས་འབད་བའི་བསྒང་ ཡོདཔ་ཨིན་པས།
དབང་འདུས་ཕོ་བྲང་ལས་ཨིན་མི་ སྲུང་རྒྱབ་དེ་ ཁ་དང་མིག་ཏོ་ ལགཔ་དང་རྐངམ་ཚུ་གུ་ རྨ་སྐྱོན་ཚུ་ སྦོམ་སྦེ་ར་ བཏོན་ཡོདཔ་ཨིན་པས།


སའི་ཇོ་བདག་ལ་ལུ་ཅིག་ལུ་ ས་ཚབ་སྤྲོད་ཚར་རུང་ ལ་ལུ་ཅིག་གིས་ ས་ཚབ་ལེན་མ་བཏུབ་པའི་ཉོགས་བཤད།

༢༣/༧/༢༠༡༢   ས་རོ་རྡོ་རོ་བཀོ་སའི་ ས་ཁོངས་འོག་ལས་ ལས་འགུལ་ནང་ས་ཚུད་མི་ ཁྱིམ་གུང་པ་༩ དེ་ཅིག་ལས་མེད་རུང་ ས་ཚབ་ཀྱི་ ཐོབ་བརྗོད་བཀོད་མི་༡༢ དེ་ཅིག་ ཐོན་ཡོདཔ་ཨིན་པས།

༉ དབང་འདུས་ཕོ་བྲང་རྫོང་ཁག་གི་ ཐེད་ཚོ་དང་ དགའ་སེང་ཚོ་གོངམ་ དེ་ལས་ རུས་སྦིས་ས་རྒེད་འོག་༣ གྱི་ ཆུ་ཞིང་ཨེ་ཀར་ལས་བཅད་དེ་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པའི་ནང་ ཚུད་མི་ཚུ་ གཞུང་གིས་ སའི་ཇོ་བདག་ལ་ལུ་ཅིག་ལུ་ ས་ཚབ་སྤྲོད་ཚར་རུང་ ལ་ལུ་ཅིག་གིས་ ས་ཚབ་ལེན་མ་བཏུབ་པར་ ཡོདཔ་ཨིན་པས།
ས་རོ་རྡོ་རོ་བཀོ་སའི་ས་ཁོངས་ ཁོད་སྙོམས་ཏོག་ཏོ་སྦེ་ བཟོ་བའི་བསྒང་།

ས་ཚབ་མེད་པའི་ཁར་ སོ་ནམ་ཐོན་སྐྱེད་ཀྱི་ རྒུད་འཐུས་ཡང་ ཐོབ་མ་ཚུགསཔ།

༢༣/༧/༢༠༡༢   ༉ ལོ་ངོ་བཅུ་ཕྲག་༡ ལྷགཔ་ཅིག་གི་ཧེ་མར་ སྤ་རོ་ན་རྒྱ་རྒེད་འོག་ བི་ཏི་ཁ་སློབ་གྲྭ་ རྒྱ་བསྐྱེད་འབད་བའི་སྐབས་ ཉེ་འདབས་ཀྱི་ཁྱིམ་གུང་༣ གྱི་ བཟའ་སྤྱོད་འབད་མིའི་ས་ཆ་ཚུ་ སློབ་གྲྭ་ནང་ཚུད་དེ་ ལོ་ངོ་༡༢ དེ་ཅིག་ ལང་སོ་རུང་ ད་ལྟོའི་བར་ན་ཡང་ ས་ཚབ་གནང་ནི་མེདཔ་ལས་ མི་སེར་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

ཚོགས་ཐེངས་༡༠ པའི་ནང་ དཔྱད་ཡིག་གསརཔ་ གྲོས་བསྡུར་མི་གནང་ནི།

༢༣/༧/༢༠༡༢   ༉ ད་ལྟོའི་ སྤྱི་ཚོགས་ཀྱི་དོན་ལུ་ ཚོགས་ཐེངས་མཇུག་ཨིན་མི་ སྤྱི་ཚོགས་དང་པའི་ ཚོགས་ཐེངས་༡༠ པའི་ནང་ གལ་ཅན་གྱི་ དཔྱད་ཡིག་འཚབ་བརྡོལ་གྱི་ གནས་སྟངས་རེ་ འཐོན་ན་མ་གཏོགས་ དཔྱད་ཡིག་གསརཔ་ཕུད་རྡོག་གཅིག་ཡང་ གྲོས་བསྡུར་མི་གནང་ནི་ཨིན་པས།
དེ་ཡང་ གནས་ཡུན་ཚང་རན་མི་ སྤྱི་ཚོགས་ཀྱིས་ གནམ་དགུན་གྱི་ ཚོགས་ཐེངས་སྐབས་ འདས་པའི་ཚོགས་ཐེངས་ཚུ་ནང་ གྲོས་ཐག་བཅད་མ་ཚུགས་པར་ལུས་མི་ དཔྱད་ཡིག་ཚུ་ མཇུག་བསྡུ་ནི་ལུ་ གཙོ་བོར་བཏོན་ནི་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ དོགས་པ་ཅན་ དུས་ཡུན་ག་དེ་ཅིག་ དོ་དམ་འོག་ལུ་ བཞག་ཆོགཔ་ཨིན་ན?

༢༣/༧/༢༠༡༢   ༉ འདས་པའི་ཟླཝ་ནང་ སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་ཅིག་གི་ རེ་བ་ཟེར་རུང་ ཐིམ་ཕུ་ཁྲོམ་གྱི་སྦུག་ལུ་ཡོད་མི་ ཁྲིམས་སྲུང་འགག་པའི་ དོ་དམ་ནང་ལས་ འཐོན་ནི་དེ་ཨིན་པས།
སློབ་རིམ་༡༠ པ་ལྷབ་པའི་ཤུལ་ལུ་ ཁྱིམ་ནང་སྡོད་མི་ སློབ་ཕྲུག་དེ་ མི་གཞན་ལུ་ བརྡུང་རྫོབ་འབད་བའི་ དོགས་པ་ལུ་བརྟེན་ སྤྱི་ཟླ་༦ པའི་ཟླ་ཕྱེད་ལས་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཞིནམ་ལས་ཚུར་ ཁྲིམས་སྲུང་འགག་པ་གིས་ ཁོ་ལུ་ ཉེས་འཛུགས་འབད་དེ་ ཁྲིམས་ཀྱི་འདུན་སར་ ག་དེ་མགྱོགས་མགྱོགས་གཏང་པ་ཅིན་ཟེར་ རེ་བ་བསྐྱེད་དེ་ སྡོད་ཡོདཔ་ཨིན་པས།


སྟོན་པ་སངས་རྒྱས་ཀྱིས་ ཆོས་འཁོར་བསྐོར་བའི་དུས་ཆེན་བརྩི་སྲུང་།

༢༣/༧/༢༠༡༢   ༉ ད་རིས་ ནང་པའི་ཆོས་གྱི་བྱུང་རབས་ནང་ སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་མཆོག་གིས་ ལོ་དྲུག་དཀའ་བ་སྤྱད་པའི་ཤུལ་ལས་ རྒྱ་གར་རྡོ་རྗེ་གདན་ལུ་ བྱང་ཆུབ་ཤིང་གི་དྲུང་དུ་ མངོན་པར་རྫོགས་པར་སངས་རྒྱས་ཏེ་ ཆོས་ཀྱི་འཁོར་ལོ་འགོ་དང་པ་ བསྐོར་གནང་བའི་ཉིནམ་ཨིནམ་ལས་ རྒྱལ་ཁབ་མཐའ་དབུས་མེད་པར་ ཕྱག་མཆོད་སྦྱིན་གཏོང་ལ་སོགས་པའི་ ཚོགས་བསག་སྒྲིབ་སྦྱང་གི་ལཱ་ལུ་ བརྩོན་ཤུགས་བསྐྱེད་བཅུག་ནིའི་དོན་ལས་ གཞུང་གི་ཡིག་ཚང་དང་ སློབ་གྲ་ཚུ་ག་ར་ ངལ་གསོ་བཞགཔ་ཨིན་པས།

གནས་ཚུལ་མདོར་བསྡུས།

༢༣/༧/༢༠༡༢  

༉ སྤྱི་ཟླ་༧ པའི་ཚེས་༢༡ ལུ་ ཐིམ་ཕུ་རྒྱལ་ཡོངས་རྗེས་དྲན་མཆོད་རྟེན་ནང་ མི་དབང་འབྲུག་རྒྱལ་གསུམ་པ་ ཞིང་གཤེགས་འཇིགས་མེད་རྡོ་རྗེ་རྗེ་དབང་ཕྱུག་མཆོག་གི་ ལོ་བསྟར་དགོངས་རྫོགས་ཀྱི་ཉིནམ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ ཞིང་གཤེགས་དམ་པའི་ སྐུ་པར་གྱི་ སྐུ་མདུན་ལུ་ མཆོད་མེ་ཕུལ་ཏེ་ ཐུགས་སྨོན་ཚུ་གནང་ཡོདཔ་ད་ མི་དབང་འབྲུག་རྒྱལ་གསུམ་པ་མཆོག་ སྤྱི་ལོ་༡༩༧༢ ལུ་ དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ཡོདཔ་ཨིན་པས། མི་དབང་མངའ་ཞབས་མཆོག་གིས་ ཞིང་གཤེགས་དམ་པ་མཆོག་གི་ རྗེས་དྲན་གུས་བཏུད་ཞུ་སར་འཛོམས་མི་ མི་མང་དང་ ལོ་བསྟར་བཞིན་དུ་ དགོངས་རྫོགས་ཀྱི་ དུས་དྲན་བརྩི་སྲུང་འགོ་འདྲེན་འཐབ་མི་ དབང་ཕྱུག་རྗེས་དྲན་ཚོགས་པའི་ འཐུས་མི་ཚུ་དང་ ཞལ་འདྲིས་གནང་ཡོདཔ་ད་ རྗེས་དྲན་ལས་རིམ་ནང་ སྐུ་འཁོར་ཚུ་དང་ དཔོན་ཁག་བགྲེསཔ་ དེ་ལས་ འབྲུག་རྒྱལ་གསུམ་པ་མཆོག་གི་ ཕྱག་ཞུ་མི་བགྲེསཔ་ཚུ་གིས་ཡང་ འབྲེལ་གཏོགས་འབད་ཡོད་པའི་གནས་ཚུལ།

རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་ ག་ཅིའི་འོག་ལུ་ཚུདཔ་ཨིན་ན?

༢༣/༧/༢༠༡༢   ༉ རྒྱལ་གཞུང་འཆམ་དང་ ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ སློབ་སྦྱོང་པ་ཚུ་གིས་ སློབ་སྦྱོང་སྤེལ་ཁང་དེ་ གཙུག་སྡེ་ག་ཅིའི་འོག་ལུ་ ཚུདཔ་ཨིན་ན་ཟེར་བའི་ དྲི་བཀོད་འབད་དོ་ཡོདཔ་ཨིན་པས།
དེ་སྦེ་ ཉོགས་བཤད་བཀོད་མི་དེ་ཡང་ སྤེལ་ཁང་འོག་གི་ སྒྱུ་རྩལ་མཁནམ་ཚུ་ སྡེ་རིམ་༡༢ པའི་ ཞི་གཡོགཔ་ཚུ་གི་གྲངས་སུ་ཚུདཔ་ཨིན་རུང་ ཞི་གཡོགཔ་དང་ ཁོང་གི་བར་ན་ ཐོབ་ལམ་གྱི་ཁྱད་པར་ ཞུགས་ནི་དེ་གིས་ བྱ་སྟབས་མ་བདེཝ་ཐོན་དོ་ཡོདཔ་ཨིན་པས།

རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་སྤེལ་ཁང་གི་ སྒྱུ་རྩལ་མཁནམ་ཚུ།

འབྲུག་རྒྱལ་༣ པའི་རྗེས་དྲན་ལུ་ སྟོན་པ་དང་ འཇམ་དབྱངས་ཀྱི་སྐུ་འདྲ་ཚུ་ ཕུལ་ཡོདཔ།

༢༣/༧/༢༠༡༢   ༉ ཐིམ་ཕུ་དགོངས་རྫོགས་མཆོད་རྟེན་ནང་ ལོ་བསྟར་བཞིན་དུ་ གནང་སྲོལ་ཡོད་པའི་ བཀའ་དགོངས་ཕུར་གསུམ་གྱི་སྒྲུབ་ཆེན་དེ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་བསམ་གཏན་རྡོ་རྗེ་གིས་གཙོས་པའི་ དགེ་སློང་ཞལ་གྲངས་༦༠ དེ་ཅིག་གིས་ གནང་དོ་ཡོདཔ་ཨིན་པས།

གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་ འཇམ་དབྱངས་ཀྱི་སྐུ་འདྲ་ཚུ་ལུ་ རབ་གནས་གནང་པའི་བསྒང་།

ད་ལས་ཕར་ ལཱ་གཡོག་བྱིན་མི་དང་ འཚོལ་མི་༢ ཆ་ར་ལུ་ བྱ་སྟབས་བདེ་དྲགས་འབྱུང་ནི།

༢༣/༧/༢༠༡༢  ༉ སྤྱི་ཟླ་༧ པའི་ཚེས་༢༠ ལུ་ ཐིམ་ཕུ་ལུ་སྦེ་ ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ ལས་བྱེདཔ་གསར་བཙུགས་དང་ གདམ་འཐུའི་སྒྲིག་གཞི་༢༠༡༢ ཅན་མ་ གསར་བཏོན་འབད་བའི་སྐབས་ སྒེར་སྡེ་དང་ ལས་འཛིན་ དེ་ལས་ ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ཡང་ འབྲེལ་གཏོགས་འབད་ཡི།
ལས་གཡོག་བློན་པོ་ རྡོ་རྗེ་དབང་འདུས་ཀྱིས་ ལས་བྱེདཔ་གསར་བཙུགས་དང་ གདམ་འཐུའི་སྒྲིག་གཞི་༢༠༡༢ ཅན་མ་ གསར་བཏོན་གནང་པའི་བསྒང་།

གནས་ཚུལ་གྱི་ སྤུས་ཚད་ལེགས་བསྒྱུར་བཟོ་ཚུགས་པའི་རེ་བ།

༢༣/༧/༢༠༡༢   ༉ འབྲུག་རྒྱལ་ཁབ་འདི་ དམངས་གཙོའི་རིང་ལུགས་ཀྱི་ ལམ་ཕྱོགས་ལུ་ཞུགས་ཏེ་ ལོ་ངོ་༤ ལྷགཔ་ཅིག་སོང་བའི་ དུས་ཡུན་ཐུང་ཀུ་ཅིག་གི་ནང་ར་ བརྡ་བརྒྱུད་ལས་ཁང་ཚུ་ རྣམ་རྟོག་ལང་སི་སི་སྦེ་ ཡར་འཕར་སོང་ཡོད་རུང་ བརྡ་བརྒྱུད་ཀྱི་ ལཱ་འབད་མི་ མང་ཤོས་ཅིག་ར་ སྦྱོང་བརྡར་དང་ ཉམས་མྱོང་མེདཔ་ལས་ གནས་ཚུལ་ཚུ་གི་ སྤུས་ཚད་ལུ་ ཐོ་ཕོག་ཉེན་ཡོདཔ་ཨིན་པས།

མི་དབང་མཆོག་གིས་ ལྷོ་མཚམས་ལུ་ སྲུང་སྐྱོབ་གནས་སྟངས་བསྐྱར་ཞིབ་གནང་ཡོདཔ།

༢༡/༧/༢༠༡༢   ༉ བདུན་ཕྲག་འདི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འབྲུག་ལྷོ་མཚམས་ཀྱི་ ས་མཚམས་ཚུ་བདའ་སྟེ་ སྲུང་སྐྱོབ་གནས་སྟངས་བསྐྱར་ཞིབ་གནང་པའི་ཤུལ་ལུ་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ ཐིམ་ཕུ་ལུ་ ལོག་ཕེབས་ཅི།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་གཉིས་ཀྱིས་ དགེ་ལེགས་ཕུག་ཁྲོམ་ཁར་ གཟིགས་ཞིབ་གནང་པའི་བསྒང་།
མི་དབང་རྒྱལ་བཙུན་རྣམ་གཉིས་ རྩི་རང་ཁྲོམ་གྱི་ མི་ཚུ་དང་ ཞལ་འདྲིས་གནང་པའི་བསྒང་།

དབྱར་རྩྭ་དགུན་འབུབ་ཚུ་ ལོག་སྟེ་ར་ རིན་བསྡུར་ལམ་ལུགས་ཐོག་ལས་ བཙོང་དོ་ཡོདཔ།

༢༡/༧/༢༠༡༢   ལུང་ནག་ནང་ལུ་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་རེ་གིས་ གོང་ཚད་དངུལ་ཀྲམ་འབུམ་༡༢,༢༠,༠༠༠ ཐོབ་མི་དེ་ མཐོ་ཤོས་ཅིག་ཨིན་པས།

༉ འདས་པའི་ལོ་ནང་ དབྱར་རྩྭ་དགུན་འབུབ་བཙོང་མི་དང་ ཉོ་མི་ཚུ་ ཐད་ཀར་དུ་ཕྱད་དེ་ ཚོང་འབྲེལ་འཐབ་ནིའི་ ལམ་ལུགས་ གསརཔ་ཅིག་ འགོ་བཙུགས་ཡོདཔ་ཨིན་རུང་ དེ་ལུ་ ཉོ་བཙོང་འཐབ་མི་༢ ཆ་རའི་ཧོངས་ལས་ ངོས་ལེན་ལེགས་ཤོམ་ མ་བྱུང་མི་ལུ་བརྟེན་ དུས་ཅི་ལས་ ད་རུང་ གཞུང་གིས་ རིན་བསྡུར་ཐོག་ལས་ བཙོང་ནིའི་ལམ་ལུགས་དེ་ ལོག་སྟེ་ འགོ་བཙུགས་ཡོདཔ་ཨིན་པས།
དབྱར་རྩ་དགུན་འབུབ་ རིན་བསྡུར་འབད་བའི་བསྒང་།

གནས་ཚུལ་མདོར་བསྡུས།

༢༡/༧/༢༠༡༢



ཁ་ཙ་ ཐིམ་ཕུ་བར་སྦིས་ས་ལུ་ གཡང་འཕེལ་མདའ་རྩེད་འགྲན་བསྡུར་ནང་ ཝམ་གླིང་ཡཱན་དང་ ཏར་གེཌ་ཤུ་ཊར་ དེ་ལས་ ན་མོ་གུ་རུ་སྡེ་ཚན་༣ གྱི་བར་ན་ རྩེད་འགྲན་འབདཝ་ད་ ན་མོ་གུ་རུ་དང་ ཝམ་གླིང་ཡཱན་སྡེ་ཚན་༢ ཀྱིས་ སྐུགས་རེ་རེ་ འདྲན་འདྲ་ཆོད་ཡོདཔ་བཞིན་དུ་ ན་མོ་གུ་རུ་སྡེ་ཚན་གྱིས་ བཀག་རེག་༢༥ རྐྱབ་ཐོག་ལས་ སྐུགས་༦ ཐོབ་ཡོདཔ་ད་ ཝམ་གླིང་ཡཱན་སྡེ་ཚན་གྱིས་ སྐུགས་༤ ཐོབ་ཡོད་པའི་གནས་ཚུལ།

འཁྲུན་ཆོད་ལུ་ བསྒྱུར་བཅོས་མེདཔ།

༢༡/༧/༢༠༡༢   ༉ ཡིག་ཆ་རྫུས་མ་བཟོ་མི་དང་ དབང་ཚད་ལོག་སྤྱོད་འབད་བའི་ རྩོད་དོན་གྱི་འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་པར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་དེ་ དུས་ཡུན་ཟླཝ་༩ ལྷགཔ་ཅིག་སོང་བའི་ཤུལ་ལུ་ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ གྲངས་མང་ཁྲིམས་འདུན་གྱིས་ མཐོ་གཏུགས་ཕྱིར་འབུད་བཏང་སྟེ་ བསམ་རྩེ་རྫོང་ཁག་གི་ འཁྲུན་ཆོད་དེ་ལུ་ རང་འཇགས་བསྟར་སྤྱོད་འབད་དགོ་པའི་ གྲོས་ཆོད་གནང་ནུག།

འབྲུག་མི་དེད་གཡོགཔ་༡ གི་ཕུངམ་ ནུབ་བེང་གཱལ་ལས་ཐོབ་ཡོདཔ།

དེད་གཡོགཔ་གིས་ རྒྱ་གར་གྱི་མི་ ཁ་བསྡོམས་ཐོག་ལས་ སྣུམ་འཁོར་ཊཱག་ རྒྱ་གར་དང་ ནེ་པཱལ་གྱི་ ས་མཚམས་ཁར་ བཙོང་ནི་གི་ དཔའ་བཅམ་ཡོད་པའི་དོགས་པ།

༉ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་ཅིག་ གར་སོང་མེད་པར་བྱང་སྟེ་ ཉིནམ་༤ གི་ཤུལ་ལུ་ ཁོ་གི་ཕུངམ་དེ་ རྒྱ་གར་ནུབ་བེང་གཱལ་གྱི་ཁྲོམ་སྡེ་ སི་ལི་གུ་རི་ལུ་འགྱོ་སའི་ས་གནས་ མཱལ་བ་ཛར་ལས་ ཐོཔ་ཡོདཔ་ཨིན་པས།
བསམ་རྩེ་བསྟན་འབྲུ་ལས་ཨིན་མི་ ཚེ་འདས་དེ་ ཕུག་ཚོགས་གླིང་ལུ་ དགའ་རབ་བཟོ་སྐྲུན་ལས་སྡེའི་ དེད་གཡོགཔ་ཅིག་ཨིན་པས།


ཀུར་རི་ཆུ་གིས་ འཕྱགས་འབག་མི་ སློབ་ཕྲུག་གི་ཕུངམ་ འཚོལ་བའི་བསྒང་ཡོདཔ།

༢༡/༧/༢༠༡༢   ད་ཚུན་གྱི་བར་ན་ མི་༨ དེ་ཅིག་ ཀུར་རི་ཆུའི་ནང་ཐིམ་སྟེ་ ཤི་ཡོདཔ་ཨིན་པས།

༉ སྤྱི་ཟླ་༧ པའི་ཚེས་༡༩ ལུ་ མོང་སྒར་ཀུར་རི་ཆུ་འབྲིང་རིམ་སློབ་གྲྭ་འོག་མའི་ སློབ་རིམ་༨ པའི་ སློབ་ཕྲུག་བུཚ་ཅིག་ ཀུར་རི་ཆུ་གིས་ འཕྱགས་འབག་མིའི་ཕུངམ་དེ་ ད་ལྟོའི་བར་ན་ཡང་ འཚོལ་མ་ཐོབ་པར་ཡོདཔ་ཨིན་པས།
ཀུར་རི་ཆུ་གློག་མེའི་ཆུ་རྫིང་།

སྒོ་ནོར་བདག་འཛིན་མེད་མི་ཚུ་ རྩི་རང་ལུ་བསྐྱལ་ནི།

༢༡/༧/༢༠༡༢   ༉ བྱང་ས་ཚེ་ཐར་ཚོགས་པ་གིས་ ཁྲོམ་ཁར་འཁྱམས་སྡོད་མི་ ནོར་༧ དེ་ཅིག་ སྲོག་སྐྱབས་འབད་དེ་ ད་རིས་ རྩི་རང་ལུ་ བསྐྱལ་ནི་ཨིན་པས།
ཇོ་བདག་གིས་ ལེན་པར་མ་འོང་མི་ ནོར་ཚུ།