གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་གདམ་ཁ་རྐྱབ་ནི་ལུ་ འཛོལ་ནི་མེད་པའི་དྲན་བསྐུལ།

༡༤/༦/༢༠༡༣   ༉ ཁ་ཙ་ འབྲུག་ཕུན་སུམ་ཚོགས་པའི་གཙོ་འཛིན་ འཇིགས་མེད་འཕྲིན་ལས་ཀྱིས་ སྤྱིར་བཏང་བཙག་འཐུའི་ བསྐུལ་བསྒྲགས་ཉིནམ་༢ པའི་ནང་ སྤ་རོ་རྫོང་ཁག་གི་ མི་སེར་ཚུ་ལུ་ ཕུན་སུམ་ཚོགས་པ་དེ་ སྲིད་ཚོགས་གཞན་ཚུ་དང་ མི་འདྲ་ཟེར་ གསལ་བཤད་འབད་ཡི།


དེ་ཡང་ མི་སེར་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་ལུ་ གོ་སྐབས་གནང་སྟེ་ འདས་པའི་ལོ་༥ འི་རིང་ གཞུང་སྐྱོང་བའི་ ཉམས་མྱོང་ཡོད་མི་ལུ་བརྟེན་ཨིན་ཟེར་ བཤད་ཅི།
བློན་ཆེན་བགྲེསཔ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ ཚོགས་རྒྱན་ཚུ་ ག་ལུ་བཙུགས་ནི་ཨིན་ན་ ཐག་བཏོག་པའི་སྐབས་ གཙོ་བོ་ར་ འབྲུག་ཕུན་སུམ་ཚོགས་པ་གིས་ འདས་པའི་གཞུང་སྐྱོང་གི་སྐབས་ མི་སེར་ཚུ་ལུ་ ཕྱག་ག་དེ་སྦེ་ ཞུ་ཡོདཔ་ཨིན་ནའི་སྐོར་ལས་ ཐུགས་བཞེད་གནང་དགོ་ཟེར་ཨིན་པས།
དེ་མེན་པའི་ སྲིད་ཚོགས་ལ་ལུ་ཅིག་གིས་ ཁ་གིས་ སླབ་མི་དང་ ཡི་གུ་ཐོག་ལས་ བཀོད་མི་ཚུ་ལུ་ལྟ་སྟེ་ སེམས་ཐག་བཅད་ནི་འདི་ ཉེན་ཁ་ཅན་ཅིག་ འོང་ནི་ཨིནམ་ལས་ ཐུགས་རིགཔ་སྒྲིམ་དགོ་ཟེར་ ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ དྲན་གསལ་འབད་ཡི།
གཙོ་འཛིན་གྱིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པ་གིས་ འདས་པའི་ལོ་༥ འི་རིང་ ཕྱག་ག་དེ་སྦེ་ཞུ་ཡོདཔ་ཨིན་ན་དང་ གལ་སྲིད་ གཞུང་སྐྱོང་ནིའི་ གོ་སྐབས་དེ་ སྲིད་ཚོགས་གཞན་མི་ལུ་ སྤྲོད་པ་ཅིན་ ག་དེ་སྦེ་ འབད་ཚུགས་འོང་ག་ ཁྱེད་ར་མི་སེར་ཚུ་གིས་ ལེགས་ཤོམ་སྦེ་ར་ ཤེས་ཟེར་ཨིན་པས།
ཤེས་ཡོན་ཡོད་མི་དང་ མེད་མི་ག་འབད་རུང་ འབྲུག་མི་ཚུ་ལུ་ རང་སོའི་ཕམ་བཟང་པོ་ཚུ་གིས་གནང་བའི་ ཡོན་ཏན་ཡོད་མི་དེ་ ཕྱི་རྒྱལ་གྱི་ མི་ཚུ་དང་ཕྱདཔ་ད་ མ་འདྲཝ་ཅིག་ཨིནམ་མ་ཚད་ གལ་སྲིད་ རང་སོའི་རྒྱུད་ལུ་ཡོད་པའི་ ཤེས་བྱ་ཚུ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགསཔ་འདྲཝ་ཅིག་ འབད་བ་ཅིན་ ངན་ལྷད་དང་འབྲེལ་བའི་ ལཱ་ཚུ་ནང་ འབྲེལ་གཏོགས་མི་ཤོར་ནི་དང་ རང་སོའི་ཚོགས་རྒྱན་བཙུགས་ནིའི་ དབང་ཆ་ཚུ་ཡང་ ཚུལ་བཞིན་དུ་ ལག་ལེན་འཐབ་ཚུགས་ཟེར་ བློན་ཆེན་བགྲེསཔ་གིས་ བཤད་ཅི།
དེ་དང་གཅིག་ཁར་ ཚོགས་རྒྱན་བཙུགས་མི་ཚུ་གིས་ རང་སོའི་སེམས་ཐག་བཅད་ཚུགས་པའི་ ལྷན་ཐབས་འབད་ནིའི་དོན་ལུ་ འདས་པའི་ལོ་༥ འི་ནང་ འབྲུག་ཕུན་སུམ་ཚོགས་པ་གིས་ གྲུབ་འབྲས་ག་དེ་སྦེ་ར་ བཏོན་ཡོདཔ་ཨིན་ན་དང་ རྒྱལ་ཁབ་ནང་ དམངས་གཙོའི་གཞུང་དེ་ ག་དེ་སྦེ་ གཞི་བཙུགས་འབད་ཡོདཔ་ཨིན་ནའི་སྐོར་ལས་ རྒྱབ་ཁུངས་མདོར་བསྡུས་ཏེ་ གསལ་བཤད་འབད་ཡི།
གཙོ་འཛིན་གྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ བཙག་འཐུའི་དོན་ལུ་ སྲིད་ཚོགས་གསརཔ་ གཞི་བཙུགས་འབད་བའི་སྐབས་ མི་སེར་དམངས་གཙོ་ཚོགས་པ་ ན་ཐན་གྲ་སྒྲིག་སོང་ཞིནམ་ལས་མ་གཏོགས་ འབྲུག་ཕུན་སུམ་ཚོགས་པ་གིས་ འཛུལ་ཞུགས་འབད་མ་ཚུགས་མི་ལུ་བརྟེན་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་འོང་ཟེར་ མནོ་བསམ་མ་བཏང་ཟེར་ཨིན་པས།
ཨིན་རུང་ ཁྱེད་མི་སེར་ཚུ་གིས་ གོ་སྐབས་དེ་ ང་བཅས་ལུ་ གནང་ཡོདཔ་བཞིན་དུ་ ང་བཅས་ཀྱི་ ཁ་ཐུག་ལས་འབད་རུང་ ཅི་ལྕོགས་གང་ལྕོགས་ཀྱི་སྒོ་ལས་ ཕྱག་ཞུ་ཡི་ཟེར་ཨིན་པས།
གཞུང་སྐྱོང་གནས་ཡུན་དང་པའི་སྐབས་ ཕྱིའི་རྒྱལ་ཁབ་ཚུ་ནང་ལས་ གྲོགས་རམ་མ་དངུལ་ཚུ་ཡང་ ལེ་ཤ་ཅིག་ར་ ཐོབ་ཚུགས་ཡོདཔ་ད་ དེ་ཚུ་ གཙོ་བོ་ར་ ང་བཅས་རའི་ རྒྱལ་ཁབ་ནང་ གཞུང་སྐྱོང་ལེགས་ལྡན་ཡོད་པའི་གུ་ དྭངས་གསལ་ཅན་དང་ ཕན་ཁྱད་ཅན་སྦེ་ ལག་ལེན་འཐབ་མི་ལུ་བརྟེན་ཨིན་ཟེར་ བློན་ཆེན་བགྲེསཔ་གིས་སླབ་ཅི།
ད་ཚུན་གྱི་བར་ན་ ང་བཅས་ཀྱིས་འབད་མི་ལཱ་ཚུ་ མི་ལ་ལུ་ཅིག་གིས་འབད་བ་ཅིན་ སྔ་གོང་ལས་ བརྩམས་བཞག་པའི་ འཆར་གཞི་ཚུ་ཨིནམ་མ་ཚད་ མ་དངུལ་ཚུ་ཡང་ ཧེ་མ་ལས་ ཡོདཔ་སྦེ་ཡང་ སླབ་མས་ཟེར་ གཙོ་འཛིན་གྱིས་ དོགས་སེལ་འབད་ཡི།
གལ་སྲིད་ འཆར་གཞི་དང་ མ་དངུལ་ཚུ་ ཧེ་མ་ལས་ར་ ཡོད་དེ་འབད་བ་ཅིན་ ད་རེས་ བཙག་འཐུ་འབད་དགོཔ་ཡང་ མིན་འདུག་ཟེར་ཨིནམ་ད་ ལོ་༥ འི་ནང་ འགོ་འདྲེན་འཐབ་མི་ འཆར་གཞི་ཚུ་གི་དོན་ལུ་ ཟད་འགྲོ་མ་དངུལ་ཚུ་ག་ར་ གཞུང་གིས་ ལགཔ་ཐལ་མོ་སྦྱར་ཏེ་ ཕྱིའི་རྒྱལ་ཁབ་ཚུ་ལས་ ལྷང་སྟེ་འབག་འོང་འོངམ་ཨིན་ཟེར་སླབ་ཅི།
བློན་ཆེན་བགྲེསཔ་གིས་ ཁ་ཙའི་ བསྐུལ་བསྒྲགས་ཀྱི་ ལས་རིམ་ཚུ་ཡང་ སྤ་རོ་སློབ་དཔོན་སློབ་སྦྱོང་སྤེལ་ཁང་དང་ ཤར་པ་འབྲིང་རིམ་སློབ་གྲྭ་བར་མའི་སྤྱི་དོན་ཁང་ དེ་ལས་ ཟླ་བ་ཁ་སློབ་གྲྭའི་ སྤྱི་དོན་ཁང་ཚུ་ནང་སྦེ་ འགོ་འདྲེན་འཐབ་ཐོག་ལས་ ཕྱི་རུ་ཁམས་ཅིག་ཁར་ ཧཱ་ལུ་ བྱོན་ཡོདཔ་ད་ རྫོང་ཁག་དེ་ནང་ ད་རིས་ བསྐུལ་བསྒྲགས་འབད་ནི་ཨིན་པས།
ཁོ་གིས་ གསལ་བཤད་འབད་བའི་སྐབས་ ས་ཁར་མ་བཞུགས་པར་ ཡར་ལོང་ཐོག་ལས་ ཕར་འགྱོ་ཚུར་འགྱོ་སྦེ་ བསྐུལ་བསྒྲགས་འབད་ཡོདཔ་ད་ སྲིད་ཚོགས་གདམ་ཁ་ལེགས་ཤོམ་སྦེ་ རྐྱབ་དགོ་པའི་སྐོར་ལས་ ཡང་ལས་ཡང་དུ་ དྲན་གསོ་འབད་ཡི།
སྤ་རོ་སློབ་དཔོན་སློབ་སྦྱོང་སྤེལ་ཁང་ནང་ ཧ་ལམ་དུས་ཡུན་ཆུ་ཚོད་༣ དེ་ཅིག་གི་རིང་ གསལ་བཤད་འབད་ཡོདཔ་བཞིན་དུ་ ཧ་ལམ་ཅིག་ལས་ བཅའ་མར་གཏོགས་མི་ཚུ་ གཉིད་ལོག་ནི་དང་ དབངཔོ་ངལ་སུ་ཅིག་ཐལ་བའི་ མཐོང་གསལ་ཡང་བྱུང་ཡི།
དེ་དང་གཅིག་ཁར་ ཞལ་འཛོམས་འཚོགས་སྡོད་པའི་བར་ན་ འཕྲལ་འཕྲལ་སྦེ་ར་ འགྲུལ་འཕྲིན་གྱི་ སྐད་རྐྱབ་མི་དང་ ཨ་ལུ་ཚུ་ སྔུ་མི་དེ་གིས་ དུམ་གྲ་རེ་ བར་ཆད་བྱུང་ཡོད་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment