གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གསོ་སྐྱོང་འཐབ་མི་ བྱ་འུག་པ་ ལོག་ནགས་ཚལ་ནང་བཏང་ཡོདཔ།

ཟླ་༣ པའི་ཚེས་༢༥།
༡༥/༥ཨ༢༠༡༢

བྱ་འུག་པའི་ བྱི་ཅུ་ནདཔ་དེ་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ ཤི་ཡོདཔ་ད་ གཞན་མི་དེ་ ནགས་ཚལ་ནང་ ལོག་གཏང་ནིའི་དོན་ལུ་ སྦོམ་མ་འགྱོ་ཚུན་ ཁྱིམ་ནང་བཞག་སྟེ་ གསོ་སྐྱོང་འཐབ་ཡོདཔ་ཨིན་པས།


༉ སྔོན་དང་ཕུ་ལས་ར་ འབྲུག་མི་ཚུ་གིས་ བྱ་འུགཔ་མཐོང་པ་ཅིན་ ལྟས་ངན་ཨིན་ཟེར་ སླབ་སྲོལ་ཡོདཔ་ཨིན་པས།
ཨིན་རུང་ བུམ་ཐང་བླ་མའི་དགོན་པ་ལུ་ ཨོ་རྒྱན་དབང་ཕྱུག་ རང་བཞིན་གནས་སྟངས་ཉམས་སྲུང་སློབ་སྦྱོང་སྤེལ་ཁང་གི་ བྱའི་ཞིབ་འཚོལ་པ་ ཤེས་རབ་ཀྱིས་ བྱ་འུགཔ་ཅིག་ གསོ་སྐྱོང་འཐབ་སྟེ་ ཧ་ལམ་ ལོ་༡ ལང་དོ་ཡོདཔ་ལས་ ཁོ་རང་ཡང་ སེམས་དགའ་སྟེ་ཡོདཔ་ཨིན་པས།



ཤེས་རབ་ཀྱིས་ སྤྱི་ལོ་༡༩༩༢ ལས་ར་ བྱ་རིགས་ཀྱི་སྐོར་ལས་ ཞིབ་འཚོལ་འབད་མི་ལུ་བརྟེན་ ཡོངས་གྲགས་ལུ་ ཁོ་གི་མིང་ཡང་ བྱ་ཤེས་རབ་ཟེར་ དར་ཁྱབ་སོང་ཡོདཔ་ད་ ཁོ་གིས་ བྱ་འུགཔ་དེ་ ནདཔ་སྦེ་མཐོང་ནི་དེ་གིས་ གསོ་སྐྱོང་འཐབ་སྟེ་ བཞག་ཡོདཔ་ཨིན་པས།
བྱ་འུགཔ་དེ་ ཧི་མ་ལ་ཡཱན་ འུཌ་ ཨ་འུལ་ཟེར་མི་ རིགས་ཨིནམ་ད་ ན་ཧིང་ སྤྱི་ཟླ་༣ པའི་ནང་ འུག་པའི་བྱི་ཅུ་༢ ཚང་ནང་ལས་ ཐིམ་ཕུ་ཞབས་ཏོག་ལྷན་ཁག་གི་ སྒྲིང་ཁྱིམ་གུ་ བུད་ཡོད་པའི་སྙན་ཞུ་ཐོབ་ཡོདཔ་ད་ དེ་བསྒང་ བྱི་ཅུ་༢ ལས་༡ གི་ གཤོགཔ་བཅགས་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
བྱ་ཤེས་རབ་ཀྱིས་འབད་བ་ཅིན་ བྱི་ཅུ་ཚུ་གི་ ཨའི་དེ་ མཐོང་སར་མེདཔ་ལས་ ཉིནམ་༢ དེ་ཅིག་གི་རྒྱབ་ལས་ བྱི་ཅུ་ཚུ་ བུམ་ཐང་ལུ་ འབག་སོང་ཡི་ཟེར་ཨིན་པས།
བྱི་ཅུ་ནདཔ་དེ་ ཆུང་ཀུ་འབད་ནི་དེ་གིས་ ཉིནམ་དག་པ་ཅིག་གི་རྒྱབ་ལས་ ཤི་ཡོདཔ་ད་ གཞན་མི་དེ་ ནགས་ཚལ་ནང་ ལོག་གཏང་ནིའི་དོན་ལུ་ སྦོམ་མ་འགྱོ་ཚུན་ ཁྱིམ་ཅིག་ནང་བཙུགས་ཏེ་ གསོ་སྐྱོང་འཐབ་ཡོདཔ་ཨིན་པས།
བྱི་ཅུ་དེ་ལུ་ བྱ་ཤ་དང་ ནོར་ཤ་ཚུ་ ཉོ་བྱིནམ་མ་ཚད་ འཁོར་ལམ་བདའ་སྟེ་ སྣུམ་འཁོར་ཚུ་གིས་བསད་མི་ བྱ་ཕུ་ཀྲུ་དང་ ཨོ་ལ་ཚུ་ བྱིན་ཡི་ཟེར་ ཁོ་གིས་ སླབ་ཨིན་པས།
བྱ་ཤེས་རབ་ཀྱི་དོན་ལུ་ འུག་པ་དེ་ སྤུ་ཡོད་མི་ རྩེདམོ་བཟུམ་ཅིག་སྦེ་ མཐོང་དོ་ཡོདཔ་ད་ ཁོ་གིས་ བྱ་དེ་གི་སྐོར་ལས་ ཞིབ་འཚོལ་འབད་ཡོདཔ་ཨིན་པས།
ཁོ་གིས་སླབ་མིའི་ནང་ ཚར་ཅིག་འབདཝ་ད་ འུག་པ་དེ་ལུ་ ཐ་ལི་ནང་ ཆུ་བླུགས་བྱིན་པའི་སྐབས་ ཆུ་ནང་འཛུལ་ཏེ་ གཟུགས་འཁྱུ་སར་མཐོངམ་ད་ ཧ་ལས་དགོཔ་བྱུང་ཡི་ཟེར་ཨིན་པས།
ཞིབ་འཚོལ་དང་འཁྲིལཝ་ད་ འབྲུག་ལུ་ འུག་པ་ཚུ་ རྒྱ་མཚོ་གནས་ཚད་ལས་ ས་ཁ་མཐོ་ཚད་ མི་ཊར་༢,༥༠༠ ཡན་ཆད་ལུ་ འཁྱམས་སྡོད་དོ་ཡོདཔ་ད་ འུག་པ་ཚུ་གིས་ རང་བཞིན་གནས་སྟངས་དང་མཐུན་པའི་ཐོག་ལུ་ སེམས་ཅན་ཚུ་ ཚད་མཉམ་སྦེ་ བཞག་ནི་ལུ་ ཕན་ཐོགས་ཡོདཔ་ཨིན་པས།
བྱ་ཤེས་རབ་ཀྱིས་འབད་བ་ཅིན་ ད་ལྟོ་ འབྲུག་ལུ་ བྱ་འུག་པ་ ག་དེམ་ཅིག་ཡོདཔ་ཨིན་ན་ མི་ཤེས་དོ་ཡོདཔ་ཨིན་རུང་ ཚན་རིག་གི་ གཞི་རྟེན་ཞིབ་འཚོལ་འབད་ནི་ཚུ་ འགོ་བཙུགས་ཅི་ཟེར་ཨིན་པས།
འུག་པ་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ བླ་མའི་དགོན་པ་གི་ ཉེ་འདབས་ལུ་ འཕྲལ་འཕྲལ་སྦེ་ར་ འུག་པ་ཚུ་ མཐོང་སྲོལ་ཡོད་པའི་ བླ་མའི་ཐང་གི་ ནགས་ཚལ་ནང་ ལོག་བཏང་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment